ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་ལས་རིགས་ནུས་རྩལ་འགྲན་བསྡུར་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། སྐབས་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་ཀུས་ཀྲུའུ་ཞིང་ཆེན་ཀུས་དབྱང་གྲོང་ཁྱེར་ནས་མགོ་བརྩམས་པ་དང་། བོད་ལྗོངས་ཀྱིས་བསྡོམས་པས་འགྲན་མི22དང་གྲོང་གསེབ་བཟོ་བ4མངགས་ཏེ་རྣམ་གྲངས་ཡོངས་ཀྱི་འགྲན་བསྡུར་དང་གྲོང་གསེབ་བཟོ་བའི་འགྲེམ་སྟོན་བརྗེ་རེས་ནང་ཞུགས་པ་ཡིན།

རྒྱུས་ལོན་ལྟར་ན། ཐེངས་འདིའི་རྩལ་ནུས་འགྲན་བསྡུར་ཆེན་མོ་ཟླ5བའི་ཚེས8ནས་ཚེས10ཉིན་ཀུའེ་དབྱང་ནས་སྤེལ་རྒྱུ་ཡིན། འགྲན་བསྡུར་ཆེན་མོས“ཚིག་ཉུང་དང་ལྗང་མདོག བདེ་འཇགས། ཁྱད་ལྡན”དམིགས་ཡུལ་བྱས་ནས“རྩལ་ནུས་མངོན་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པ”བརྗོད་དོན་གཙོ་བོར་བྱས་ནས་གྲོང་གསེབ་ཀྱི་བེད་སྤྱོད་ལྡན་པའི་རྩལ་ནུས་ཏེ་རྩིག་རྒྱག་དང་རླངས་འཁོར་ཉམས་གསོ། ཞིང་འཕྲུལ་བཟོ་བཅོས། གློག་ལས། སྐྲ་ལས། རྒན་གསོ་བདག་སྐྱོང་། བྱིས་གཉོར། ཀྲུང་ལུགས་ཕྱེ་རིགས། ཟ་ཁང་ཞབས་ཞུ། གློག་རྡུལ་ཚོང་དོན། ཇ་རྩལ་སོགས་ཀྱི་འགྲན་བསྡུར་རིགས་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན31དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛགས་སྐྲུན་དཔུང་ཚོགས་ཀྱིས་གྲུབ་པའི་འགྲན་ཞུགས་ཚོགས་པ་འདུས། བསྡོམས་པས་འགྲན་མི701འགྲན་བསྡུར་ནང་ཞུགས་པ་དང་སྐབས་དང་པོའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་ལས་རིགས་རྩལ་ནུས་དང་བསྡུར་ན་འགྲན་མིའི་བསྡོམས་གྲངས10%ཡིས་འཕར་ཡོད།

འགྲན་བསྡུར་རིང་། དུས་དང་མཉམ་སུ་སྤེལ་བའི་གྲོང་གསེབ་བཟོ་བའི་རྩལ་ནུས་འགྲེམ་སྟོན་བརྗེ་རེས་བྱ་འགུལ་ཁྲོད་བོད་ལྗོངས་ཀྱི་ལུག་བལ་འཐག་པ་དང་ཐང་ག་འབྲི་བ། བོད་གདན་འཐག་པ་སོགས་ཀྱང་ཡོད་པས་མི་སྔར་ལས་མང་བས་བོད་ལྗོངས་ཀྱི་གཟུགས་འདས་རྒྱུད་འཛིན་ནུས་རྩལ་ལ་རྒྱུས་ལོན་བྱེད་ཐུབ།

བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པའམ། བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ་ཁྲེང་ཁུའུ་ཡུས་ཀྱིས་ངོ་སྤྲོད་ལྟར་ན། མིག་སྔའི་བར་དུ་བོད་ལྗོངས་ཀྱི་ནུས་རྩལ་མི་སྣ་བསྡོམས་པས་ཁྲི43.63ཟིན་པ་དང་། དེ་ནང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་ཁྲི5.53ཟིན་ནས་རྩལ་ནུས་ཤེས་ལྡན་མི་སྣའི་བསྡོམས་གྲངས་ཀྱི12.67%ཟིན་ཡོད། ལོ་རེར་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི10ཡན་བྱེད་བཞིན་ཡོད་ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།