ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཐོ་སྒང་གི་འཁྱགས་རོམ་གངས་རི་ལ་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱིས་ནམ་ཡང“སྲུང་སྐྱོང་ཁྲོད་གསར་གཏོད་དང་གསར་གཏོད་ཁྲོད་སྲུང་སྐྱོང”གི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་གཤིས་ཁོར་ཡུག་གཙོ་བོར་བཟུང་སྟེ་མུ་མཐུད་དུ་འཁྱགས་རོམ་ཐོན་ཁུངས་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བའི་ནུས་བ་མཐོ་རུ་གཏོང་ཞིང་། ཚན་རིག་དང་ལྡན་པའི་ངང་མཐོ་སྒང་གི་འཁྱགས་རོམ་དང་གངས་རི་ལ་སྲུང་སྐྱོང་བྱས་པས་ཕན་ནུས་ཡག་པོ་ཐོབ།

ཇུས་འགོད་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ཇུས་འགོད(2021ལོ་ནས2035ལོ)》དང《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇུས་འགོད》བཟོས་ནས་འཁྱགས་རོམ་ཐོན་ཁུངས་གསར་གཏོད་དང་འབྲེལ་བའི་འཛུགས་སྐྲུན་ཕྱོགས་ཀྱི་ནང་དོན་གཏན་ཁེལ་བྱས།

ལས་གཞིའི་ཞིབ་བཤེར་ཆོག་མཆན་གཟབ་ནན་བཀོད་ནས། འཁྱགས་རོམ་ཐོན་ཁུངས་གསར་གཏོད་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་བྱས་པ་དང་། འཁྱགས་རོམ་དང་གངས་རི་གཙོ་བོ་ཆུའི་ཁོར་ཡུག་སྔོན་འགྲོ་སྲུང་སྐྱོང་ཁྱབ་ཁོངས་ནང་བཞག་ཅིང་། འཁྱགས་རོམ་ཐོན་ཁུངས་གསར་གཏོད་དང་འབྲེལ་བའི་རིགས་སོ་སོའི་ཇུས་འགོད་དང་འཛུགས་སྐྲུན་ལས་གཞི་རིམ་སྤར་ཞིབ་བཤེར་ཆོག་མཆན་ལག་བསྟར་བྱས།

ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་ཏེ་འཁྱགས་རོམ་གསར་གཏོད་འཛུགས་སྐྲུན་བྱ་འགུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་གཅིག་གྱུར་ལྟ་ཞིབ་དོ་དམ་ལས་འགན་ལག་བསྟར་བྱས་ནས། འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོང་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་དང་རྒྱུན་ལྡན་གྱི་ཁྲིམས་འཛིན་ལྟ་ཞིབ་དོ་དམ་ནང་འཇོག་པ། ནན་གྱིས་འཁྱགས་རོམ་སྐྱེ་ཁམས་ཁོར་ཡུག་ཁྲིམས་འགལ་ལུགས་འགལ་གསར་གཏོད་འཛུགས་སྐྲུན་བྱ་སྤྱོད་ལ་ཞིབ་བཤེར་བྱས།

ལྟ་ཞིབ་ཚད་འཇལ་སྲུང་སྐྱོང་དང་ཚན་རྩལ་འདེགས་སྐྱོར་ལས་དོན་ལེགས་པོར་སྒྲུབ་པ། འབྲེལ་ཡོད་སྡེ་ཚན་རྩ་འཛུགས་བརྒྱུད་དེ་རྒྱུན་མཐུད་ངང་ཇོ་རི་སོགས་ཀྱི་དཔེ་མཚོན་འཁྱགས་རོམ་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་འཇལ་བྱས་ནས་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་རང་བྱུང་རྨང་གཞིའི་ཚུལ་ཡིན་མིན་ལ་བརྟག་པ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་དཔེ་མཚོན་འཁྱགས་རོམ6གཙོ་བོར་བཟུང་ནས། དཔེ་མཚོན་འཁྱགས་རོམ་གྱི་འགུལ་རྣམ་འགྱུར་ལྡོག་དང་འཁྱགས་རོམ་རིག་གནས། སྐྱེ་ཁམས་མ་ལག་རྟོག་ཞིབ་དང་དཔྱད་དཔག་བརྒྱུད། སྔར་ལས་ལྷག་པའི་ངང་འཁྱགས་རོམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་རྨང་གཞིའི་གྲངས་འཛིན་འདེགས་སྐྱོར་མཁོ་འདོན་བྱས།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། འཁྱགས་རོམ་ནི་མདོ་དབུས་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། སྲ་གཟུགས་ཚྭ་མེད་ཆུའི་ཐོན་ཁུངས་གལ་ཆེན་ཡིན། འཛམ་གླིང་ཡོངས་ཀྱི་གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ་མདོ་དབུས་མཐོ་སྒང་གི་འཁྱགས་རོམ་ཡང་ཞུ་བའི་གནས་སུ་ལྷུང་བཞིན་ཡོད་པ་དང་། དེས་འཁྱགས་རོམ་གྱི་བཞུར་རྒྱུན་བརྟན་བརླིང་མིན་པར་འགྱུར་བ་མ་ཟད་སྔར་ལས་ལྷག་པའི་ངང་ཁྱབ་ཁོངས་དཔལ་འབྱོར་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་ཤུགས་རྐྱེན་ཐེབས་པས། འཁྱགས་རོམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།