ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི134.82སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིན་ནས་རྒྱུས་ལོན་ལྟར་ན། “ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི134.82སྣེ་ལེན་བྱས་ནས་དུས་མཉམ་ལས15.46%འཕར་ཞིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.75མངོན་འགྱུར་བྱུང་ནས་དུས་མཉམ་ལས14.98%འཕར་ཡོད།

བོད་ལྗོངས་ཀྱི་ཆ་སྙོམས་ས་བབ་དམའ་བའི་གྲོང་ཁྱེར་ཡིན་པའི་ཆ་ནས། ཉིང་ཁྲི་ནི་ཡུལ་སྐོར་པ་མང་པོ་བོད་ལྗོངས་སུ་བསྐྱོད་པའི་ས་ཚིགས་དང་པོར་གྱུར་ཞིང་། “ལྔ་གཅིག”གུང་གསེང་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི26.5སྣེ་ལེན་བྱས་པའི་ནང་ཞག་སྡོད་ཡུལ་སྐོར་པ་མི་ཐེངས་ཁྲི15.04ཟིན་པ་དང་། ཉིན་གཅིག་ལ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་པ་མི་ཐེངས་ཁྲི11.46ཟིན་ནས་དུས་མཉམ་ལས16.56%གིས་འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་ཁྲི18146.84མངོན་འགྱུར་བྱུང་ནས་དུས་མཉམ་ལས31.4%ཡིས་འཕར་ཡོད།

ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་སྡེ་ཚན་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། གུང་གསེང་རིང་ཡུལ་སྐོར་ཕྱི་བསྐྱོད་ཐབས་ལམ་སྣ་མང་ཅན་ཡིན་པ་དང་། ལམ་ཐུང་ཡུལ་སྐོར་དང་ཉིན་གཅིག་ཡུལ་སྐོར་ལ་བོད་ལྗོངས་ནང་ཁུལ་གྱི་མི་ཚོའི་དགའ་བསུ་ཐོབ་ནས། “བོད་ལྗོངས་ཀྱི་མི་ཉིང་ཁྲི་རུ་ཡུལ་སྐོར་བྱེད་པའི”ཁྲོམ་རའི་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་ངང་ཚ་ཚ་འུར་འུར་གྱུར་ཞིང་། རྫོང་དང་ཆུས་སོ་སོའི་གནས་ཚུལ་དང་བསྡོམས་རྩིས་ལས་མངོན་པ་ལྟར་ན། “ལྔ་གཅིག”གུང་གསེང་རིང་མི་ཐེངས་དང་ཡོང་འབབ་ན་ནིང་གི་དུས་མཉམ་ལས་བསྡུར་ན་མངོན་གསལ་གྱིས་འཕར་ཡོད་ལ། དེ་ནང་བོད་ལྗོངས་ཕྱི་རོལ་ནས་ཡོང་བའི་ཡུལ་སྐོར་ཚོགས་པ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་ཡོང་མཁན་གཙོ་བོ་ཡིན། བོད་ལྗོངས་ནང་ཁུལ་དུ་ཐར་ཐོར་ཡུལ་སྐོར་གཙོ་བོར་བཟུང་ཡོད།

ཉིང་ཁྲིའི་ལྗོངས་ཁུལ་སོ་སོས་ལྔ་གཅིག་གཟིགས་སྐྱོང་བྱ་འགུལ་རབ་དང་རིམ་པ་བཏོན་ནས་བོད་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་པ་ཕྱི་རུ་བསྐྱོད་པའི་སྤྲོ་སེམས་བསྐྱེད། 

བདེ་ཐང་སྤྲོ་གསེང་ཡུལ་སྐོར་དར་སྲོལ་ཆེ་བས། “ལྔ་གཅིག”གུང་གསེང་རིང་ཉིང་ཁྲི་ཡིས་སྤེལ་བའི་ཁྱིམ་ཚང་དང་གཉེན་ཉེ་སྡེ་ཚན་དུ་བྱས་ནས་མེ་ཏོག་ལ་གཟིགས་པ་དང་ཤིང་ཏོག་བཏོག་པ། ཆུ་ཚན་ནང་འཛུལ་བ། ཁྱིམ་ཚང་མགྲོན་ཁང་དུ་འདུག་པའི་སྤྲོ་གསེང་གཏོང་བ། སྒེར་ས་ནས་འདུག་པ། རྐང་ཐང་ཡུལ་སྐོར་སོགས་ཀྱི་ལྗང་མདོག་བདེ་ཐང་རོལ་མྱོང་བྱ་འགུལ་ལ་ཡུལ་སྐོར་པའི་དགའ་བསུ་ཆེན་པོ་ཐོབ། ཁྱིམ་ཚང་གི་སྒྲིག་འཛུགས་རང་བཞིན་གྱི་ཤིང་ཏོག་བཏོག་པ་དང་ཚ་ཕོག་རྒྱག་པ་སོགས་ཀྱི་ཡུལ་སྐོར་རྣམ་པ་མངོན་གསལ་གྱིས་མང་དུ་ཕྱིན།

གཞན་ཡང་ཐིང་ཁྲེང་ཡུལ་སྐོར་གྲངས་འཛིན་ལས་མངོན་པ་ལྟར་ན། “ལྔ་གཅིག”གུང་གསེང་རིང་ལ་བོད་ལྗོངས་ཀྱི་མགྲོན་ཁང་མངག་ཉོ་དུས་མཉམ་ལས65%འཕར་ཞིང་། དེ་ནང་ལྷ་ས་མགྲོན་ཁང་མངག་ཉོ་དུས་མཉམ་ལས་ཆ་བཞི་ཡིས་འཕར་ཡོད་ལ། ཆབ་མདོ་གྲོང་ཁྱེར་གྱི་མགྲོན་ཁང་མངག་ཉོ་དུས་མཉམ་ལས་བརྒྱ་ཆའི་ལྔ་འཕར་བ། ལྷོ་ཁ་གྲོང་ཁྱེར་གྱི་མགྲོན་ཁང་མངག་ཉོ་དུས་མཉམ་ལས་བརྒྱ་ཆའི་དགུ་འཕར་བ་རེད། ཕོ་བྲང་པོ་ཏ་ལ་བོད་ལྗོངས་ཀྱི་ཡུལ་སྐོར་པ་ཆེད་མང་སའི་ལྗོངས་ཁུལ་དུ་གྱུར་ནས། ལྗོངས་ཁུལ་འཚོལ་ཞིབ་ཚད་དུས་མཉམ་ལས102%འཕར་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།