ཀྲུང་གོ་བོད་ཀྱི་དྲ་བ།

ལང་ཚོའི་མེ་ཏོག་ལོ་ངོ600རིང་གི་ལྷ་མོ་ཟློས་གར་རྒྱུད་འཛིན་ཁྲོད་རབ་ཏུ་བཞད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།


འདི་ནི་ཉི་མ་ཚེ་རིང་དང་སློབ་མ་ཚོས་བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་དུ་ལྷ་མོ་ཟློས་གར་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

“ལྔ་གཅིག”གུང་གསེང་རིང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་དུ་ས་གནས་ལྷ་མོ་ཟློས་གར་ཚོགས་པས་རྒྱང་རིང་ནས་ཡོང་བའི་མགྲོན་པོ་ཚོར་ཟློས་གར་འཁྲབ་སྟོན་བྱས།

ལྷ་མོ་ཟློས་གར་ནི་ཞབས་བྲོ་དང་འཁྲབ་སྟོན། གླུ་མ་གཏམ། རྩོམ་རིག་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་རྣམ་པ་ཞིག་ཡིན་པ་མ་ཟད་ལོ་ངོ600རིང་གི་ལོ་རྒྱུས་ལྡན། སྤྱི་ལོའི་དུས་རབས15པའི་ནང་ལྷ་མོ་ཟློས་གར་སྲོལ་གཏོད་མཁན་ཐང་སྟོང་རྒྱལ་པོས་བོད་ལྗོངས་ཀྱི་གཙང་པོ་རེ་རེ་སྟེང་སྲ་ཞིང་བརྟན་པའི་ལྕགས་ཐག་ཟམ་པ་འཕང་ནས་གངས་ལྗོངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་འདུན་བཅངས། ཟམ་པ་ལས་བྱེད་ཀྱི་མ་དངུལ་བསྡུ་ཆེད་ཤེས་ཡོན་སྣ་འཛོམས་ཀྱི་ཐང་སྟོང་རྒྱལ་པོས་ཟློས་གར་རྩོམ་པ་དང་དབྱངས་རྩོམ་པའི་སྒོ་ནས་མཛངས་མ་བདུན་བདམས་ནས་ཞབས་བྲོ་ཚོགས་པ་ཞིག་གྲུབ་པ་དང་། དེ་དག་ས་ཆ་སོ་སོར་འཁྲབ་སྟོན་བྱེད་དུ་བསྐྱོད་དེ་མ་དངུལ་བསྡུས་པ་རེད། ལམ་དང་ཟམ་པ་ལས་པ་དང་ཆབས་ཅིག་ཏུ་ཁོང་གིས་གངས་ལྗོངས་རིག་གནས་ཆེད་འོད་མདངས་བཀྲ་བའི་མུ་ཏིག་སྟེ་ལྷ་མོ་ཟློས་གར་གསར་དུ་གཏོད། ལྷ་མོ་ཟློས་གར་འཛུགས་ས་དང་པོ་བཀྲ་ཤིས་མཆོད་རྟེན་ལ“ལྷ་མོ་ཟློས་གར་གྲོང་ཚོ་དང་པོ”ཞེས་བཏགས།

2006ལོར་བཀྲ་ཤིས་ཞོགས་པ་ལྷ་མོ་ཟློས་གར་ཚོགས་པ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་བྱང་ནང་བཞག་པའི་ལྷ་མོ་ཟློས་གར་གྲུབ་མཐའི་གྲས་སྐོར་དང་པོར་གྱུར།

སྲོལ་རྒྱུན་ལྷ་མོ་ཟློས་གར་གྱི་གྱོས་ཆས་མགོ་ནས་མཇུག་བར་གཅིག་མ་གཏོགས་མེད་ལ། འཁྲབ་སྟོན་པས་ཀྱང་མཛེས་ཆ་སྤྲས་མི་དགོས་པར་གཙོ་བོ་གདོང་འབག་གྱོན་ནས་འཁྲབ་སྟོན་བྱེད་པས། སྤྱི་ཆ་ནས་ལྟོས་ཚེ་ལྷ་མོ་ཟློས་གར་ལ་གདོང་འབག་དཀར་པོའི་ཟློས་གར་དང་གདོང་འབག་སྔོན་པོའི་ཟློས་གར་གཉིས་སུ་དབྱེ་ཆོག་ལ། ལྷ་མོ་ཟློས་གར་གཅིག་གི་ཁྲོད་ཡང་དམར་པོ་དང་དཀར་པོ། སྔོན་པོ། ནག་པོ། སེར་པོ་སོགས་ཀྱི་ཁ་མདོག་མངོན་པ་དེས་ཐོབ་ཐང་མི་གཅིག་པ་མཚོན་པ་རེད།


འདི་ནི་ཟླ5བའི་ཚེས1ཉིན་ནོར་བུ་གླིང་ག་རུ་ལྷ་མོ་ཟློས་གར་འཁྲབ་བཞིན་པའི་ཚུལ་རེད།

“ང་ཚོའི་ས་ཆ་འདིའི་མི་ཚང་མས་ལྷ་མོ་ཟློས་གར་འཁྲབ་ཤེས་པ་མ་ཟད། ལྷ་མོ་ཟློས་གར་ལྟ་རྒྱུ་ཡང་ཤིན་ཏུ་དགའ”ཞེས་ཉི་མ་ཚེ་རིང་ད་ལོར་ལོ52ལོན་པ་དང་ཁོས་ལོ16ནས་ལྷ་མོ་ཟློས་གར་འཁྲབ་མགོ་བརྩམས། 1996ལོར་ཁོས་གདོང་འབག་སེར་པོ་གྱོན་ནས་ཐེངས་དང་པོར་མི་སྣ་གཙོ་བོ་བཅོས་ནས་གར་སྟེགས་སྟེང་བསྐྱོད་ཅིང་། སྐད་ཅིག་ཙམ་ལ་ལོ་ངོ30འདས། ད་ལྟ་རྒྱུད་འཛིན་མཁན་ཞིག་ཡིན་པའི་ངོས་ནས་ཁོས་མི30ལྷག་གི་འཁྲབ་སྟོན་ཚོགས་པའི་སྣེ་ཁྲིད་དེ་ལྷ་མོ་ཟློས་གར་སྦྱངས་སའི་རྟེན་གཞི་རུ་ན་གཞོན་ཚོར་མཛུབ་སྟོན་བྱེད་བཞིན་ཡོད།

ལོ29ཡིན་པའི་ངག་དབང་ནོར་བུ་ནི་ཚོགས་པ་ནང་ཞུགས་མ་ཐག་གི་སློབ་མ་ཞིག་ཡིན། རང་གི་ཆུ་ཚད་མཐོ་རུ་གཏོང་ཆེད་ཁོས་ཉི་མ་རེ་རེར་དུས་ཚོད་འགའ་ལ་སྦྱངས་བ་བྱས་པ་ཡིན། “ལྷ་མོ་ཟློས་གར་ནི་བོད་ལྗོངས་མང་ཚོགས་སེམས་ཀྱི་དགའ་སྤྲོ་དེ་ཡིན་ལ། ནམ་ཞིག་ལ་ངས་ཀྱང་གདོང་འབག་སེར་པོ་གྱོན་ནས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་པ་ཚོར་ལྷ་མོ་ཟློས་གར་འཁྲབ་རྒྱུ་ཡིན”ཟེར།

ལྷ་མོ་ཟློས་གར་རྒྱུད་འཛིན་ཁྲོད། སྲོལ་རྒྱུན་ལྷ་མོ་ཟློས་གར་གྱི་ཡིད་དབང་འཕྲོག་ས་ལ་གུས་བཀུར་དང་རྒྱུད་འཛིན་བྱེད་པ་དང་ཆབས་ཅིག་ཏུ་ཉི་མ་ཚེ་རིང་གི་ཚོགས་པས་དེང་རབས་ཀྱི་ཚན་རྩལ་དབྱངས་དང་འོད། གློག་སོགས་ཀྱི་ནུས་བ་བརྒྱུད་དེ་ཡར་མར་རྒྱུ་བཞིན་པའི་བོད་ཡིག་དང་རྒྱ་ཡིག་གི་ཡིག་བརྙན་སོགས་ལ་བརྟེན་ནས་སྲོལ་རྒྱུན་དང་དེང་རབས་རྒྱུ་ཆ་མཉམ་འདྲེས་བྱས། “མི་ཚང་མར་སྔར་ལས་ལྷག་པའི་ངང་ལྷ་མོ་ཟློས་གར་ལ་དགའ་རུ་འཇུག་རྒྱུ་ཡིན”ཞེས་ཉི་མ་ཚེ་རིང་གིས་དེ་ལྟར་བཤད།

སྔོན་ཆད། ལྷ་མོ་ཟློས་གར་ནི་བོད་ཀྱི་ལོ་གསར་དང་ཞོ་སྟོན་དུས་ཆེན་སོགས་ལ་མ་གཏོགས་མི་འཁྲབ་པ་དང་། ད་ལྟ། ཁྲིམས་ལུགས་གཏན་ཁེལ་གྱི་དུས་ཆེན་དང་གཟའ་མཇུག་ལ་ཡང་ལྷ་མོ་ཟློས་གར་འཁྲབ་སྟོན་བྱེད་བཞིན་ཡོད་པས། ལྷ་མོ་ཟློས་གར་སྔར་ལས་མང་བ་འདར་དབྱངས་དང་སྐད་འཕྲིན་སོགས་བརྒྱུད་དེ་རྒྱལ་ཡོངས་སུ་ཁྱབ་བཞིན་ཡོད།


འདི་ནི་ལྷ་མོ་ཟློས་གར《གཟུགས་ཀྱི་ཉི་མའི》འཁྲབ་སྦྱངས་ཡུལ་དངོས་རེད།


འདི་ནི་ལྷ་མོ་ཟློས་གར་འཁྲབ་སྟོན་པ་ཆུང་ཆུང་ཞིག་གིས་དབྱངས་དཀྲོལ་བཞིན་པའི་ཚུལ་རེད།

2005ལོར། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་རྣམ་གྲངས་མགོ་བརྩམས་པ་དང་། མིག་སྔར། བོད་ལྗོངས་ཀྱིས་ལྷ་མོ་ཟློས་གར་འཁྲབ་སྟོན་ཚོགས་པ154སླར་གསོ་འཕེལ་རྒྱས་བཏང་ཞིང་། མི13ལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྒྱུད་འཛིན་མི་སྣའི་མཚན་སྙན་ཐོབ།

རྒྱུན་མཐུད་ངང་ན་གཞོན་མི་སྣ་གསོ་སྐྱོང་བྱ་ཆེད། 2015ནས་བཟུང་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་འབྲེལ་ཡོད་དགེ་རྒན་གདན་འདྲེན་ཞུས་ནས་རིན་མེད་སྒོས་ལྷ་མོ་ཟློས་གར་ཁྲིད་པ་དང་། མིག་སྔར་སློབ་མ200ལྷག་གསོ་སྐྱོང་བྱས། 2000ལོ་ནང་སྐྱེས་པའི་བདེ་སྐྱིད་དཔལ་སྒྲོན་ནི་དེ་ནང་གི་གཅིག་ཡིན། མོས《གཟུགས་ཀྱི་ཉི་མ》ཞེས་པའི་ཟློས་གར་ཁྲོད་གཟུགས་ཀྱི་ཉི་མ་འཁྲབ་པ་དང་། མོས་རང་གི་བྱང་ཆ་ལྡན་པའི་འཁྲབ་སྟོན་བརྒྱུད་དེ2022ལོར་སྐབས26པའི་ཀྲུང་གོའི་ན་གཞོན་ཟློས་གར་དཔྱིད་འགོའི་མེ་ཏོག་ལྷན་འཛོམས་བྱ་འགུལ་ཁྲོད“དཔྱིད་འགོའི་མེ་ཏོག”གི་དགའ་རྟགས་བླངས།

མོས“ངས་ལོ8ནས་བཟུང་ལྷ་མོ་ཟློས་གར་སྦྱངས་པ་ཡིན། མ་འོངས་པར་སྔར་ལས་ལྷག་པའི་ངང་སློབ་སྦྱོང་ལ་འབད་དེ། མི་མང་པོར་ན་གཞོན་པའི་འཁྲབ་སྟོན་སྟོན་རྒྱུ་དང་། ལྷ་མོ་ཟློས་གར་གྱི་ལང་ཚོའི་གསོན་ཤུགས་སྟོན་རྒྱུ་ཡིན”ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།