ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་མི་སྣར་གཟེངས་བསྟོད་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས28ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་མི་སྣ་འོས་སྦྱོར་དཔྱད་འདེམས་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།

ཤེས་གསལ་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་མི་སྣ200གཟེངས་བསྟོད་བྱ་རྒྱུ་རེད། གཟེངས་བསྟོད་བྱ་ཡུལ་ཁྲོད་གཞི་རིམ་འཐབ་ས་དང་པོའི་ལས་བཟོ་བ་དང་རོང་འབྲོག་པ141ཡོད་པ་དང་དེའི་སྤྱིའི་མི་གྲངས་ཀྱི70.5%ཟིན་ཡོད་པ། ཆེད་ལས་ལག་རྩལ་མི་སྣ34ཡོད་པ་དང་དེའི་སྤྱིའི་མི་གྲངས་ཀྱི17%ཟིན་པ། ཀྲུང་གུང་ཏང་ཡོན166ཡོད་པ་དང་དེའི་སྤྱིའི་མི་གྲངས་ཀྱི83%ཟིན་པ། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེའི་ཡན་སྦྱངས་རབས་ཡོད་པའི་མི83ཡོད་པ་དང་དེའི་སྤྱིའི་མི་གྲངས་ཀྱི41.5%ཟིན་ཡོད་ལ། སྐབས་གོང་མ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཚེག2.7དང2.1ཇེ་མཐོར་ཕྱིན་ཡོད།

དཔྱད་འདེམས་གོ་རིམ་ཁྲོད། བོད་ལྗོངས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འོས་སྦྱོར་བྱ་ཡུལ་ཚང་མའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ཁོངས་གཏོགས་ས་ཆ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ཁོངས་གཏོགས་ས་ཆ་བཅས་ཚང་མར་བསམ་འཆར་མི་མཐུན་པ་མེད་པ། ཡིད་རྟོན་ཀྲུང་གོ་དང་གནམ་མིག་བརྟག་དཔྱད་སོགས་ལས་སྟེགས་བརྒྱུད་དེ་གཙོ་བོར་ཐོབ་ཐང་མང་པོ་ཡོད་པའི་འོས་སྦྱོར་བྱ་ཡུལ་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཆ་རྐྱེན་དང་མི་འཚམ་པའི་མི་སྣ་དཔྱད་བསྡུར་ནང་ཞུགས་པའི་ཐོབ་ཐང་མེད་པར་བཟོས་ནས། དཔྱད་འདེམས་ལས་དོན་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་འཐབ་ས་དང་པོ་དང་ངལ་རྩོལ་མཁན་དཀྱུས་མ། དུས་ཡུན་རིང་བོར་ཐོན་སྐྱེད་དང་ཚན་རིག་ཞིབ་འཇུག་གི་འཐབ་ས་དང་པོ་དང་ས་བབ་མཐོ་བའི་དཀའ་སྡུག་ས་ཁུལ་གྱི་ལས་གནས་སུ་ཡོད་པ་མ་ཟད། བྱས་རྗེས་འབུར་ཐོན་བཞག་པའི་མི་སྣའི་ཕྱོགས་སུ་གསེག་པ་དང་། འོས་སྦྱོར་བྱ་ཡུལ་གྱི་འཐུས་ཚབ་རང་བཞིན་དང་མང་ཚོགས་རང་བཞིན། སྔོན་ཐོན་རང་བཞིན་བཅས་ལ་འགན་ལེེན་ཏན་ཏིག་བྱེད་དགོས།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་དཔྱད་འདེམས་ལས་དོན་གྱིས་འོག་རིམ་ནས་གོང་རིམ་དང་རིམ་པ་རེ་རེ་བཞིན་འོས་སྦྱོར། ཆད་གྲངས་དཔྱད་འདེམས། རིམ་པ་རེ་རེ་བཞིན་ཡོངས་བསྒྲགས་བཅས་ཀྱི་བྱེད་སྟངས་ནན་མོ་གཞིར་བཟུང་། འོས་སྦྱོར་བྱ་ཡུལ་མི200ཡོད་སའི་ལས་ཁུངས་དང་ས་ཁུལ(གྲོང་ཁྱེར)ཁག་གི་སྣེ་འདྲེན་ལས་ཁུངས་སུ་ཡོངས་བསྒྲགས་བྱས་པར་བསམ་འཆར་མི་མཐུན་པ་མེད་པ། ཟླ4པའི་ཚེས18ཉིན་ནས་ཟླ4པའི་ཚེས24ཉིན་བར་འོས་སྦྱོར་བྱ་ཡུལ་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ལྗོངས་ནང་ཁུལ་གྱི་སྨྱན་བྱད་གཙོ་བོའི་ཐོག་ཡོངས་བསྒྲགས་བྱས་ཤིང་། དེའི་རིང་ཚུར་སྣང་མི་ལེགས་པ་གང་ཡང་འབྱོར་མ་བྱུང་། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།