ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་འཕྲུལ་ཆས་དང་ལག་རྩལ་གྱིས་མཐོ་སྒང་གི་དཔྱིད་འདེབས་ལ་རམ་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས19ཡི་སྔ་དྲོ། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་གྲོང་ཨུའི་ར་སྐོར་ནང་དུ་འཕྲུལ་ཆས་ཀྱི་སྒྲག་ལྡིར་ལྡིར་གྲགས་བཞིན་ཡོད་པ་དང་གྲོང་མི་ཚོས་ས་བོན་ལ་ཐུམ་རྒྱག་བཞིན་ཡོད། སྟག་རྩེ་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་མགོ་དཔོན་བཀྲ་ཤིས་དོན་འགྲུབ་དང་ལྷ་ས་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱིའི་ས་ཚིགས་ཀྱི་ཞིང་ལས་ལག་རྩལ་པ་བདེ་ཆེན་སྒྲོན་དཀར་ཀྱིས་མཉམ་དུ་ཐུམ་བརྒྱབ་པའི་ས་བོན་གྱི་སྤུས་ཀར་ལྟ་བཞིན་ཡོད།

བཀྲ་ཤིས་དོན་འགྲུབ་ཀྱིས། ས་བོན་ཐུམ་རྒྱག་པའི་ལག་རྩལ་གྱིས་ས་བོན་གྱི་མྱུ་གུ་འབུས་ཚད་མཐོ་རུ་བཏང་ནས་ནུས་ལྡན་ངང་གནོད་འབུ་འགོག་ཐུབ། སྟག་རྩེ་ཆུས་སུ་ས་བོན་ཐུམ་རྒྱག་ས་བཞི་ཡོད་པ་ཐུམ་རྒྱག་འཕྲུལ་ཆས་ཆེ་གྲས་བཀོད་སྒྲིག་བྱས་ཡོད་པ་དང་། ཐག་རིང་གི་གྲོང་ཚོ་ཆུང་ཆུང་དུ་ས་བོན་ཐུམ་རྒྱག་འཕྲུལ་ཆས་ཆུང་གྲས་བཀོད་སྒྲིག་བྱས་པ་དང་། བྲག་དཀར་ཞོལ་གྲོང་ཚོ་ལྟ་བུའི་ཐུམ་རྒྱག་འཕྲུལ་ཆས་ཀྱིས་ཉིན་རེར་མུའུ800ས་བོན་ལ་ཐུམ་རྒྱག་ཐུབ་ཅེས་ངོ་སྤྲོད་བྱས།

ལྷ་ས་གྲོང་ཁྱེར་གྱི་རྒྱ་ཁྱོན་ཆེ་བའི་དཔྱིད་འདེབས་ནུབ་ནས་ཤར་དུ་སྤེལ་ཞིང་། ཟླ5བའི་ཟླ་སྨད་དུ་མཇུག་རྫོགས་རྒྱུ་རེད། མཐོ་སྒང་གི་དཔྱིད་འདེབས་ས་ཁུལ་གཞན་ལས་འགོར་ཡང་ཚན་རིག་ལག་རྩལ་མཐོ་བ་རེད། ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་ལག་རྩལ་མི་སྣས་གྲོང་ཁྱེར་གྱིས་རྫོང་དང་། རྫོང་གིས་ཤང་། ཤང་གིས་གྲོང་ཚོ་འགན་ལེན་བྱེད་པའི་ལམ་ལུགས་སྤྱད་དེ་དཔྱིད་འདེབས་ལ་ཚན་རྩལ་འདེགས་སྐྱོར་མཁོ་འདོན་བྱས་པ་མ་ཟད། གྲོང་ཚོ་རེ་རེ་ནང་དུ་ཚན་རྩལ་ཆེད་མངག་མི་སྣ་བཀོད་སྒྲིག་བྱས་ཡོད།

གྲོང་མི་ཨོ་རྒྱན་ནི་བྲག་དཀར་ཞོལ་གྲོང་ཚོའི་ཚན་རྩལ་ཆེད་མངག་མི་སྣ་གྱུར་ནས་ལོ4འགོར་བ་དང་། ཉེ་ཆར་ཨོ་རྒྱན་གྱི་ལས་དོན་ཆེས་གཙོ་བོ་ནི་ས་རྒྱུའི་གནས་ཚུལ་ལ་ལྟ་ཞིབ་ཚད་འཇལ་བྱས་ནས་འདེབས་འཛུགས་དུས་ཚོད་གཏན་ཁེལ་བྱེད་པ་དེ་ཡིན། ཉིན་ཤས་སྔོན་དུ་བྲག་དཀར་ཞོལ་གྲོང་ཚོའི་ས་ཞིང་ལ་ལོག་ཐེངས་ཤིག་བརྒྱབ་པ་དང་། ས་ཞིང་ནང་གི་རྩྭ་ལ་ལོ་མ་གཉིས་ནས་གསུམ་ཙམ་སྐྱེས་ཚེ་ཡང་བསྐྱར་ས་ཞིང་ལ་ལོག་བརྒྱབ་ནས་རྩྭ་སྐྱེས་པར་འགོག་དགོས།

“ང་ཚོའི་གྲོང་ཚོ་ནི་སྟག་རྩེ་ཆུས་ཀྱི་ས་བོན་རྟེན་གཞི་ཡིན་པས། ཉེ་བའི་ལོ་གཉིས་རིང་ལ་ས་བོན་འཚོང་ནས་གྲོང་ཚོའི་ལོ་རེའི་ཡོང་འབབ་སྒོར་ཁྲི90ཟིན་པས་ཞིང་བ་རྣམས་ཞིང་འདེབས་རྒྱུ་སྤྲོ་བ་ཆེན་པོ་ཡོད”། ཚད་གཞི་མཐོ་བའི་ས་ཞིང་ནང་དུ་ཞིང་འཕྲུལ་ཆེ་གྲས་སྤྱད་ན། ཉིན་བཅུ་རིང་ལ་གྲོང་ཚོ་ཧྲིལ་བོའི་ས་ཞིང་མུའུ3000འདེབས་ཚར་བ་དང་། སྔོན་ཆད“རྨོན་མཛོ་དོར་སྦྲེལ”གྱི་སྲོལ་རྒྱུན་གྱི་ཞིང་འདེབས་པའི་ཐབས་ལ་བརྟེན་ན་ཉིན་གཅིག་ལ་མུའུ3མ་གཏོགས་འདེབས་མི་ཐུབ།

ད་ལོར། ལྷ་ས་གྲོང་ཁྱེར་གྱིས་དཔྱིད་འདེབས་མུའུ་ཁྲི59.45ཟིན་རྩིས་ཡོད། དེ་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི36.48ཟིན་རྒྱུ་རེད། ཟླ4བའི་ཚེས19བར་དུ་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ2.48ཁྲི་ཟིན་པ་རེད། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་འདེབས་འཛུགས་ལས་རིགས་ཀྱི་འགན་ཁུར་མི་སྣ་བདེ་སྐྱིད་ཆོས་འཛོམས་ཀྱིས་ངོ་སྤྲོད་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་གཟའ་འཁོར་རེ་ལ་སྙན་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ཧུར་ཐག་གིས་དཔྱིད་འདེབས་ཀྱི་ལས་དོན་སོ་སོ་ལག་བསྟར་བྱས་པ་ཡིན་ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།