ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་གྱིས་བོད་ལྗོངས་ཀྱི་ནོར་གནག་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནོར་གནག་འདི་ཉིད་བོད་ལྗོངས་ལ་མཚོན་ན་འབྲོག་པའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན་པ་མ་ཟད། གངས་ལྗོངས་མཐོ་སྒང་གི་མཚོན་རྟགས་ཀྱང་ཡིན། འོན་ཀྱང་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་ལ་རང་བྱུང་ཆ་རྐྱེན་དང་ཚན་རྩལ་ཆུ་ཚད་ཀྱི་བཀག་རྒྱ་ཐེབས་པའི་དབང་གིས་ནོར་གནག་ཐོན་ལས་འཕེལ་རྒྱས་ཐད་འགྲན་སློང་མང་པོར་ཐུག་ཡོད། ཉེ་བའི་ལོ་འགའི་རིང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་ནོར་གནག་ཐོན་ལས་ཀྱི་གོ་སྐབས་དང་གསོན་ཤུགས་གསར་བ་མངོན་ཡོད།

འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་ཕྱུགས་ལས་ཁོ་ན་གཉེར་བའི་རྫོང་གཅིག་པུ་ཡིན། ཉེ་བའི་ལོ་འགའི་རིང་། འདམ་གཞུང་རྫོང་གིས་རང་སྐྱོང་ལྗོངས་ཚན་རྩལ་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཚན་རྩལ་རྣམ་གྲངས་ལག་བསྟར་དངང་དེའི་ཕུན་སུམ་ཚོགས་པའི་ནོར་གནག་གསོ་སྤེལ་ཐོན་ཁུངས་ལ་བརྟེན་ནས་ནོར་གནག་གི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། “རྒྱུད་བཟང་གསོ་སྤེལ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ། བཤས་གཏོང་ལས་སྣོན། ཚོང་རྟགས་ཚོང་གཉེར”སོགས་ནང་དུ་འདུས་པའི་ཕྱོགས་བསྡུས་འཕེལ་རྒྱས་གཏོང་སྟངས་རིམ་བཞིན་གྲུབ་ཡོད་པས། ས་གནས་ཀྱི་ནོར་གནག་ཐོན་ལས་སྤྱི་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད་པ་མ་ཟད། ད་དུང་ཁྲོམ་རའི་འགྲན་རྩོད་ནུས་པའང་མངོན་གསལ་ཆེ་རུ་བཏང་ཡོད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་ནོར་གནག་ཐོན་ལས་ཐད་དཔལ་འབར་བའི་སྐྱེ་སྟོབས་དང་ཚད་མེད་ཀྱི་མི་མངོན་པའི་སྟོབས་ཤུགས་བསྐྱལ་ཡོང་བ་གང་ལེགས་འགྲེམ་སྟོན་བྱས་ཡོད།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་སྐལ་བཟང་ཐང་དེང་རབས་ཞིང་ཕྱུགས་ཐོན་ལས་དཔེ་སྟོན་ཁང་དུ་ཚན་རྩལ་གསར་བརྗེ་ཞིག་འཇམ་ཐིང་ངེར་སྤེལ་བཞིན་ཡོད། གླིང་ཁུལ་གྱི་འགན་འཁུར་བ་ཧོང་དབྱི་ཁའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། གླིང་ཁུལ་གྱིས་དོན་དངོས་ལ་རྐང་ཚུགས་པ་དང་ཚན་རྩལ་ཁྲིད་སྟོན་བྱས་པ་བརྒྱུད། གཟན་རྩྭ་འདེབས་འཛུགས་དང་ནོར་གནག་གསོ་སྤེལ། ཚན་རིག་དང་དང་མཐུན་པའི་གསོ་སྤེལ་སོགས་ཀྱི་ལྷུ་ཚིགས་གཞི་གཅིག་ཏུ་དྲིིལ་ནས། ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་ནོར་གནག་ཐོན་ལས་འཕེལ་རྒྱས་རྣམ་པ་ཆགས་ཡོད། ཚན་རིག་ཞིབ་འཇུག་མི་སྣས་སོན་བཟང་དང་སྒྲིག་བཀོད། འཚོ་བཅུད། ལག་རྩལ། རྣམ་པ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་བསྡུ་སྒྲིལ་བྱས་ཏེ། གླིང་ཁུལ་གྱི་ལག་ཡོད་ནོར་གནག་གྲངས་འབོར4000ལྷག་ལ་སླེབས་པར་བྱས་ཡོད།

གླེང་རིན་ཡོད་པ་ཞིག་ནི་གླིང་ཁུལ་དེས་ཚན་རིག་དང་མཐུན་པའི་གསོ་སྤེལ་དང་ནུས་མཐོའི་རྒྱུད་སྤེལ་སོགས་ལག་རྩལ་བྱ་ཐབས་བེད་སྤྱད་དེ། ནོར་གནག་སྐྱེ་འཚར་གྱི་དུས་ཡུན་ནང་ཉིན་རེར་ལྗིད་ཚད་ཁེ750ཡས་མས་འཕར་བ་དང་། གསོ་སྤེལ་དུས་ཡུན་ལོ་གསུམ་ནས་བཞིའི་ཇེ་ཐུང་དུ་གཏོང་བ་མངོན་འགྱུར་བྱུང་ཡོད། གསར་གཏོད་བྱེད་ཐབས་འདིའི་སྲོལ་རྒྱུན་གྱི་གསོ་སྤེལ་ཁྲོད་ནོར་གནག“སྟོན་དུས་ཤ་ཤེད་རྒྱས་པ་དང་དགུན་དུས་ཤ་ཤེད་ཞན་པའི”གནད་དོན་ཐག་གཅོད་བྱས་ཡོད། 

གླིང་ཁུལ་དེར་ཚན་རྩལ་ཞབས་ཞུ་སྒྲུབ་བཞིན་པའི་བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་ཁང་ཕྱུགས་སྨན་སའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲུའུ་ཡན་པིན་གྱིས་གསར་འགོད་པར་མིག་སྔར་གླིང་ཁུལ་གྱི་ལོ2.5ཡི་གཡག་ཁྲོད30%ཡི་ལུས་པོའི་ལྗིད་ཚད་སྤྱི་རྒྱ300ལ་སླེབས་ཡོད་པ་དང་། ལོ་གཉིས་ལྷག་གི་འབྲི་ཡིས་ཀྱང་བེའུ་སྐྱེས་མགོ་ཚུགས་ཡོད། འདི་ནོར་གནག་ཐོན་ལས་ཐད་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཡིན་ལ། ཚན་རྩལ་གསར་གཏོད་ཀྱིས་ཕྱུགས་ལས་ཐད་ཀྱི་བྱས་རྗེས་ཞིག་ཀྱང་ཡིན་ཞེས་བཤད།

ནོར་གནག་གི་ནད་རིགས་འགོག་བཅོས་ཐད་ཀྱང་གླིང་ཁུལ་གྱིས་ཕན་འབྲས་མངོན་གསལ་བླངས་ཡོད། ཚན་རིག་ཞིབ་འཇུག་མི་སྣས་ནད་རིགས་བྱུང་བའི་རྐྱེན་རྩ་དང་འགོག་བཅོས་ཚོད་འཛིན་གྱི་ལག་རྩལ་ལ་ཞིིབ་འཇུག་བྱས་ཤིང་། ནུས་བ་མཐོ་བ་དང་དུག་ཉུང་བའི་འགོག་སྨན་དང་སྨན་རྫས་ཞིབ་འཇུག་བྱས་ཏེ། ནོར་གནག་ནད་རིགས་བྱུང་བའི་ཚད་དང་ཤི་ཚད་ཆེས་ཆེར་དམའ་རུ་བཏང་བ་དང་། ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་མཁོ་འདོན་བྱས་ཡོད།

ནོར་གནག་གི་རྒྱུད་བཟང་སྤེལ་བའི་ཐད་ཚན་རྩལ་གསར་གཏོད་ཀྱིས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཡོད། བོད་ལྗོངས་ཀྱིས་རྒྱུད་བཟང་གཞི་རྒྱུ་ནང་འདྲེན་དང་དེང་རབས་སྐྱེ་དངོས་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་རྒྱུད་འདྲེས་ལེགས་བཅོས་བྱས་པ་བརྒྱུད། སྐྱེ་འཚར་མགྱོགས་པ་དང་ཤ་སྤུས་ལེགས་པ། འཕྲོད་མཐུད་རང་བཞིན་ཆེ་བའི་ནོར་གནག་གི་རིགས་རྒྱུད་གསར་བ་སྐྱེད་སྲིང་བྱས། རིགས་རྒྱུད་གསར་བའི་ནོར་གནག་འདི་དག་གིས་འབྲོག་པའི་དཔལ་འབྱོར་ཕན་འབྲས་ཇེ་མཐོར་བཏང་བ་མ་ཟད། ནོར་གནག་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལའང་སྐུལ་འདེད་བཏང་ཡོད།

བོད་ཤར་བྱང་རྒྱུད་ཀྱི་ནོར་གནག་ཐོན་ལས་དར་རྒྱས་དང་རྒྱུན་བསྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།2023ལོར། བོད་རང་སྐྱོང་ལྗོངས་ཀྱིས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སོགས་རྫོང6ལྟེ་བ་ཡིན་པའི་ནོར་གནག་གི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་སྐྲུན་པ་རེད། མིག་སྔར། རིགས་རྒྱུད་སྤེལ་བ་དང་གསོ་ཚགས། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་ཕྲེང་འབྲེལ་རགས་ཙམ་གྲུབ་ཡོད་པ་མ་ཟད། ད་དུང་མིང་དུ་གྲགས་པའི་ནོར་གནག་གི་ཤ་དང་འོ་བཟོས་བཟའ་ཆས་ཀྱི་ལས་སྣོན་ཚོང་རྟགས་མང་པོ་ཞིག་གསོ་སྐྱོང་བྱས་ཡོད། མ་འོངས་པར་བོད་ལྗོངས་ཀྱིས་མུ་མཐུད་དུ“འབྲུ་རིགས་བརྟན་པོ་ཡོང་བ་དང་ཕྱུགས་ལས་དར་རྒྱས། ཁྱད་ཆོས་སྟོབས་ལྡན”གྱི་འཕེལ་རྒྱས་ཐབས་ཇུས་བརྩི་སྲུང་བྱས་ནས། བོད་ལྗོངས་ནོར་གནག་གི་ས་ཁོངས་སྤྱི་སྤྱོད་ཚོང་རྟགས་བཏོད་པ་དང་ཁྱད་ལྡན་ཚོང་རྟགས་ཀྱིན་ཕན་འབྲས་འདོན་སྤེལ་བྱས་ཏེ། ནོར་གནག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་དགོས། དེ་དང་ཆབས་ཅིག ཁེ་ལས་ཀྱིས་ནོར་གནག་ཁྱད་ལྡན་ཐོན་རྫས་དང་ཁེ་ལས་ཚོང་རྟགས་ལ་སྐུལ་ལྕག་བཏང་བ་དང་། ལྗོངས་ཕྱི་ནང་གི་འགྲེམ་སྟོན་དང་བཤམ་སྟོན་བྱ་འགུལ་ནང་ཧུར་ཐག་ཞུགས་ཏེ། ཁྲོམ་རའི་སྐད་གྲགས་ཆོད་ཚད་དང་བཟུང་ཚད་མཐོར་འདེགས་སུ་གཏོང་དགོས།

ཚན་རྩལ་གསར་གཏོད་ཀྱིས་བོད་ལྗོངས་ཀྱི་ནོར་གནག་ཐོན་ལས་དར་རྒྱས་གོང་འཕེལ་དང་འབྲོག་པའི་འཚོ་བ་སོགས་ཀྱི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད། ནོར་གནག་གི་རིགས་རྒྱུད་ལེགས་བཅོས་དང་རིག་ནུས་ཅན་གྱི་གསོ་ཚགས་དོ་དམ། ནད་རིགས་འགོག་བཅོས་ལག་རྩལ་ཡར་ཐོན་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བཀོལ་སྤྱོད་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ནོར་གནག་ཐོན་ལས་ཐད་དཔལ་འབར་བའི་སྐྱེ་སྟོབས་མངོན་ཡོད། ཚན་རྩལ་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་བོད་ལྗོངས་ཀྱི་ནོར་གནག་ཐོན་ལས་དང་འབྲོག་པའི་འཚོ་བའི་ཐད་སྔར་བས་འོད་སྟོང་འཕྲོ་བའི་སང་ཉིད་བསུ་ངེས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།