ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིག་བརླན་ས་སྟེ་ཁྲུང་ཁྲུང་སྐེ་ནག་གནས་སྤོ་ལམ་བར་གྱི་འབབ་ཚིགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཨ་རིག་བརླན་ས་ནས་ངལ་གསོ་བཞིན་པ།

ཁྲུང་ཁྲུང་སྐེ་ནག་གངས་རིའི་མདུན་དུ་འཕུར་བཞིན་པ།

“མཁའ་ལམ”འགྲམ་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས

ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་ཨ་རིག་བརླན་ས་ནས་ཁ་ཟས་འཚོལ་བཞིན་པ།

ཨ་རིག་བརླན་སའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས།

ཨ་རིག་བརླན་སའི་ཁྲུང་ཁྲུང་སྐེ་ནག་མི་དང་རང་བྱུང་དང་འཆམ་མཐུན་མཉམ་གནས་བྱེད་པ།

ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་དཔྱིད་དུས་སུ་གནམ་ཟླ་དྲོ་རུ་ཕྱིན་པ་དང་བསྟུན། ལྷ་སའི་གྲོག་རོང་ནས་དགུན་སྒྲོལ་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཡང་བསྐྱར་གནས་སྤོ་མགོ་བརྩམས་པ་དང་། དེ་དག་ལྷུན་གྲུབ་རྫོང་དང་འདམ་གཞུང་། ནག་ཆུའི་དཔལ་མགོན། ཤར་རྩ་རྫོང་བཅས་ཀྱི་ལམ་ཐིག་བརྒྱུད་དེ་རྒྱང་རིང་གི་བོད་བྱང་ཐང་རྩྭ་ཐང་དུ་རིགས་རྒྱུད་སྤེལ་དུ་འཕུར་བ་རེད། རྒྱུན་དུ་ཁྲུང་ཁྲུང་སྐེ་ནག་གནས་སྤོར་ན་ཉིན3-5དགོས་པས་འདམ་གཞུང་རྫོང་གི་ཨ་རིག་བརླན་ས་ནི་བྱང་ཕྱོགས་སུ་འཕུར་བའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་ལམ་བར་འབབ་ཚིགས་ཞིག་ཏུ་གྱུར་ཡོད།

ཨ་རིག་བརླན་ས་ནི་འདམ་གཞུང་རྫོང་གྲོང་གི་ཤར་བྱང་རྒྱུད་དུ་གནས་ཤིང་རྒྱ་ཁྱོན་སྤྱི་ཆིངས9600ཟིན་པས་དཔེ་མཚོན་རང་བཞིན་གྱི་མཐོ་སྒང་གི་སྤང་ཁུལ་བརླན་ས་ཡིན། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་བསྟུན། ཨ་རིག་བརླན་སའི་སྐྱེ་ཁམས་ནུས་བ་མངོན་གསལ་ཡིན་པས་མཐའ་འཁོར་ཁྱབ་ཁོངས་ལ་དབྱང་ཁ་སྣོན་བྱེད་པ་དང་རློན་སྣོན་པ། ཆུ་ཁུངས་གསོ་སྐྱོང་། ཁོར་ཡུག་གཙང་སེལ་དང་སྐྱེ་ཁམས་མ་ལག་དོ་མཉམ་ཡོང་བ་སོགས་ཀྱི་ཕྱོགས་ནས་ནུས་བ་འདོན་སྤེལ་བྱས། 

ལྷ་སའི་གྲོང་ཁྱེར་རིམ་པའི་བརླན་ས་རང་བྱུང་སྲུང་སྐྱོང་ཁུལ་ནང་རྒྱ་ཁྱོན་ཆེས་ཆེ་ཞིང་ས་བབ་ཆེས་མཐོ་བའི་བརླན་ས་ཡིན་པའི་ངོས་ནས། ཨ་རིག་བརླན་སས་རང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གིས་ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་མགོ་དམར། ཁྲུང་ཁྲུང་མགོ་ཁྲ། ཆུ་སྐྱར་སོགས་འདབ་ཆགས་རྩ་ཆེན་རིགས་དང་ཤུག་ཤིང་། སེ་རྒོད། ལུག་མིག་མེ་ཏོག སྤང་རྒྱན་སོགས་ཀྱི་བརླན་སའི་སྐྱེ་དངོས་རིགས་གསོ་སྐྱོང་བྱེད་པ་མ་ཟད། ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་གནས་དེར་ངལ་གསོ་བྱས་ནས་ལུས་སྟོབས་རྒྱས་ཚེ་ཡང་བསྐྱར་གནས་སྤོར་ལམ་དུ་ཞུགས།

ཉེ་ཆར། བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྨྱན་སྦྱོར་ཧྲིལ་བོའི་དྲིལ་སྒྲོག་སྒྲོག་སྤེལ་ཚོགས་པ་ཨ་རིག་བརླན་ས་བསྐྱོད་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་རོལ་མྱོང་བྱས།

དཔྱིད་དུས་ཀྱི་ཁ་བ་ཐེངས་ཤིག་བབས་རྗེས་གསེར་མདོག་གི་ཉི་འོད་ཨ་རིག་བརླན་སའི་རྩྭ་ཐང་དུ་འཕྲོས་པ་དང་། ཁྲུང་ཁྲུང་སྐེ་ནག་གིས་གཤོག་རྩལ་བརྐྱངས་ནས་གནམ་འཕང་གཅོད་པ་དང་། སྐབས་རེར་དེ་དག་རྩེད་འཇོར་རོལ་བ་དང་སྐབས་རེར་བར་སྣང་ནས་ལྡོང་སྐོར་རྒྱག་པ། སྐབས་རེར་རྒྱང་རིང་དུ་འབབ་པ། སྐབས་རེར་སོས་དལ་ངང་ཆུ་གཏིང་ཐུང་ས་ནས་ཁ་ཟས་འཚོལ་བ་དང་ཆུ་རྩེད་བྱེད་པ་བཅས་ཀྱིས་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་མཐོ་སྒང་ནས་ཞབས་བྲོ་འཁྲབ་པའི་རི་མོ་ཞིག་མངོན་པ་མ་ཟད། གསལ་ལ་མི་གསལ་གྱིས་ངང་གཉེན་ཆེན་ཐང་ལའི་དཔྱིད་དུས་ཀྱི་རྣམ་པ་ཆགས།

རྒྱང་རིང་དུ་མེ་འཁོར་མཚོ་བོད་ལྕགས་ལམ་བརྒྱུད་ཀྱང་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ལ་འཇིགས་མ་གང་ཡང་མེད་པར་ཆུ་ནང་གི་ལྡོག་འཆར་གྲུབ་གཟུགས་ལ་ལྟ་བ་རེད། བརྗོད་མི་དགོས་པ་ཞིག་ནི། བྱང་ཕྱོགས་སུ་གནས་སྤོ་བའི་ཁྲུང་ཁྲུང་སྐེ་ནག་ཁ་ཤས་གནས་དེ་ནས་གཞིས་ཚུགས་ནས། དེ་ནི་རང་གི་གནས་སྤོ་བའི་མཐའ་མཇུག་གི་ས་ཚིགས་བྱས་ནས་འཚོ་བ་གསར་བ་མགོ་རྩོམ་པ་རེད།

2009ལོར། ལོ34ལོན་པའི་ཉི་མ་དོན་འགྲུབ་ནི་འདམ་གཞུང་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་དང་ནད་ཁུངས་ལ་ལྟ་ཞིབ་ཚད་འཇལ་བྱེད་པའི་ལས་དོན་མི་སྣ་ཞིག་རུ་གྱུར་ཞིང་། “ཁྲུང་ཁྲུང་སྲུང་སྐྱོང་པ”ཞེས་པའི་མིང་འདི་ཡང་ཁོའི་རྗེས་སུ་འབྲངས་ནས་ལོ15འགོར། ཁོས“དུས་རབས་སྔོན་མའི་ལོ་རབས80ནང་དུ་ཨ་རིག་བརླན་ས་ནས་ཁྲུང་ཁྲུང་སྐེ་ནག30ལྷག་མ་གཏོགས་མེད་ལ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་འཕར་བས། ད་ལྟ་ལོ་རེར་ཁྲུང་ཁྲུང་སྐེ་ནག2000ལྷག་འདི་ནས་འཚོ་སྡོད་བྱེད་བཞིན་ཡོད”ཟེར།

གྲོངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་གནས་སྤོ་བ་དང་ངལ་གསོ་བ། ཡང་ན་རིགས་རྒྱུད་སྤེལ་བ་དེས་འདམ་གཞུང་རྫོང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད། འདམ་གཞུང་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཅུའུ་ཀྲང་དབྱང་ཀུང་ཧྥུའུ་ཡིས“ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ནམ་ཡང‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། འཁྱགས་རོམ་གངས་འཁྱགས་ཀྱང་གསེར་རི་དངུལ་རི་ཡིན་པའི’འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ལྷ་ས་གྲོང་ཁྱེར་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དང‘རི་གཉིས’ལག་ལེན་གསར་སྤེལ་རྟེན་གཞི་བཙུགས། གསེར་དང་འདྲ་བའི་མིང་བྱང་དེ་གཉིས་ཀྱིས་འདམ་གཞུང་རྫོང་གི་སྐྱེ་ཁམས་རྨང་གཞི་མཚོན་ཡོད། མ་འོངས་པར་ང་ཚོས་རྫོང་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཨ་རིག་བརླན་སའི་སྲུང་སྐྱོང་གཙོ་བོར་བཟུང་ནས། བརླན་སའི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་འགུལ་བསྐྱོད་བྱད་པའི་ཁྱད་ཆོས་འཚོལ་ཞིབ་བྱས་ནས། བརླན་སའི་སྲུང་སྐྱོང་དོ་དམ་དང་བརླན་སའི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱེད་པར་མཉམ་འདྲེས་ཀྱིས་ལྗང་སྲུང་གསེར་འདོན། ལྗང་སྣོན་གསེར་སྣོན། ལྗང་ནི་གསེར་སྒྱུར་གྱི‘རི་གཉིས’རྣམ་སྒྱུར་དཔེ་དབྱིབས་འཚོལ་ཞིབ་ལ་འགན་སྲུང་བྱ་རྒྱུ་ཡིན”ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།