ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་དར་སྤེལ་གྱི་སྤུས་འདེགས་ཐོན་འཕེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ས་གནས་མང་ཚོགས་ཀྱིས་འཚོ་བའི་དངོས་ཟོག་བརྗེས་བའི་རྣམ་པ་རེད།

འདས་ཟིན་པའི་ལོ་གཅིག་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་གྲོང་གསེབ་དར་སྤེལ་ལས་དོན་གྱི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་ཏེ། དབུལ་ཐར་མི་འབོར་གྱི་རྒྱུན་མཐུད་འབབ་འཕར་གཙོ་ཐིག་ཏུ་བཟུང་ནས་ཡོད་ཚད་རོང་འབྲོག་པའི་འབབ་འཕར་ལ་དམིགས་ནས་ལས་སྒྲུབ་བྱེད་པ་དང་། ལྟ་སྐུལ་ཞིབ་དཔྱད་ཀྱི་རོགས་སྐྱོར་དང་གསང་སྤྱོད་གསར་བརྗེ། མི་ཕྱུགས་ལོགས་སུ་གྱེས་པ། མི་སྡོད་ཁོར་ཡུག་ལེགས་བཅོས་ལས་དོན་སོགས་ཀྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཐད་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་བ་དང་། འཚོ་སྡོད་དང་ལས་གཏོད་ལ་འཚམ་པཔི་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་དཔེ་རིས་གསར་བ་འབད་པས་བྲིས་ནས། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་བས་ཇེ་ལེགས་ཇེ་རྒྱས་སུ་ཕྱིན་ཡོད།

སྲིད་ཇུས་འཐུས་ཚང་དུ་བཏང་ནས་དོན་འཁྱོལ་བྱུང་བར་སྐུལ་འདེད་བཏང་བ།

《ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུའི་འཕེལ་རྒྱས་འཆར་འགོད(2021-2025)》ནང་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་གསལ་ཐག་ཆོད་མཐོང་ཐུབ་པ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རྣམ་གྲངས1769སྙན་སེང་ཞུ་བ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར179གཏོང་བའི་འཆར་གཞི་བཟོས་ཡོད།

《ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་བསམ་འཆར》དང《ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་ལག་བསྟར་སྐོར་གྱི་གཙོ་གནད་རོགས་སྐྱོར་ཤང་གྲོང་གི་ལས་དོན་ཇུས་གཞི》《ཆབ་མདོ་གྲོང་ཁྱེར་གྱི2023ལོའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགན་རྩིས་ཐོ》སོགས་སྲིད་ཇུས་དང་ཡིག་ཆ་དཔར་འགྲེམ་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི“གྲོང་གསེབ་ཀྱི་བདེ་སྐྱིད་ལས་གཞི་ཆེན་པོ་བཅུ”ཡིས་རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རིམ་བཞིན་མགོ་ཚུགས།

2023ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས“གྲོང་གསེབ་ཀྱི་བདེ་སྐྱིད་ལས་གཞི་ཆེན་པོ་བཅུ”ཡི་འཐབ་ཇུས་ལ་དམིགས་ཏེ། རྨང་གཞིའི་བརྟན་པོའི་བདེ་སྐྱིད་དང་། ཐོན་ལས་དར་རྒྱས་ཀྱི་བདེ་སྐྱིད། ལས་ཞུགས་ཐབས་ཇུས་ཀྱི་བདེ་སྐྱིད། ཡོང་འབབ་འཕར་བའི་བདེ་སྐྱིད། སྤྱི་ཚོགས་འགན་བཅོལ་ཕར་སྣོན་གྱི་བདེ་སྐྱིད། མི་སྡོད་བདེ་སྲུང་གི་བདེ་སྐྱིད། སྐྱེ་ཁམས་ལེགས་པའི་བདེ་སྐྱིད། ཤེས་ལྡན་མི་སྣའི་ཤུགས་ཆེ་རུ་ཕྱིན་པའི་བདེ་སྐྱིད། རིག་གནས་སྣུམ་ཞག་གི་བདེ་སྐྱིད། དུས་བདེ་ཞོད་འཇགས་ཀྱི་བདེ་སྐྱིད་བཅས་ཕྱོགས10ཐད་བྱེད་ཐབས20བཏོན་ཞིང་། འདིས་གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་དམིགས་འབེན་གསལ་བོར་བྱས་ནས་བྱེད་ཐབས་བཏོན་ཡོད།

ཆབ་མདོ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡིས་ཏང་གི་འཛུགས་སྐྲུན་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བསམ་བློ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས། སློབ་གསོས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཏང་གཤིས་དང་ལས་གཅེས་ལས་བཀུར་གྱི་ཁྲིད་སྟོན་ལ་བྱས་རྗེས་བཞག་སྟེ། ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་བ་ཆེ་རུ་བཏང་བ་དང་། ཁོངས་གཏོགས་ཡོངས་ཀྱི་ལས་དོན་མི་སྣའི་བྱ་བའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་སློང་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཏང་བ་དང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་བཏང་།

འབབ་འཕར་ལ་དམིགས་ནས་གྲུབ་འབྲས་སྲ་བརྟན་དུ་བཏང་བ། 

དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ནི་ཁྲོན་བོད་ལམ་ཐིག་གི་ས་ཚིགས་གལ་ཆེན་ཞིག་ཡིན་ལ། འདི་གར་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་ཡོད། འདིར་གནས་པའི་ར་འོག་མཚེའུ་ཡི་མཛེས་ལྗོངས་མཛེས་ཤིང་ཡིད་དུ་འོང་བ་དང་མཚེའུ་གཡུ་མདོག་ལྡན་པའི་རྫུལ་དང་འདྲ་བས། ཡུལ་སྐོར་བ་ཀུན་གྱི་དམིགས་བྱ་ཡིན་པ་དང་ར་འོག་གྲོང་རྡལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཚ་ཤོས་ཆེན་པོ་ཞིག་ཏུ་གྱུར་ཡོད།

མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱ་ཆེད། ན་ནིང་ལོ་སྟོད་དུ་དཔའ་ཤོད་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ར་འོག་གྲོང་རྡལ་དུ་དུས་ཡུན་ཉིན45རིང་གི་བོད་ལུགས་བཟའ་བཏུང་ཇ་མའི་གསོ་སྦྱོང་འཛིན་གྲྭ་བསྡུས་པར་གྲུབ་འབྲས་ལེགས་པོ་ཐོབ་པ། མང་ཚོགས50ལྷག་གསོ་སྦྱོང་ནང་ཞུགས་པ་བརྒྱུད། བོད་ལུགས་བཟའ་བཏུང་ཀྱི་གཞུང་ལུགས་ཤེས་བྱ་དང་ལག་ལེན་ནུས་པ་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ལས་ཞུགས་ལས་གཏོད་ཀྱི་ནུས་པ་མཐོར་འདེགས་སུ་བཏང་ཡོད།

དཔའ་ཤོད་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ར་འོག་གྲོང་རྡལ་དུ་ཇ་མའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་ནི་ཆབ་མདོ་གྲོང་ཁྱེར་གྱིས་རོང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་བཏང་བའི་བསྡུས་རིས་ཞིག་ཡིན།

2023ལོར། ཆབ་མདོ་གྲོང་ཁྱེར་གྱིས་རྣམ་པ་སྣ་མང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་སྤེལ་བ་བརྒྱུད། བསྡོམས་པས་སྤོ་སྒྱུར་ལས་ཞུགས་མི་ཐེངས་ཁྲི14.6མངོན་འགྱུར་བྱུང་བ་དང་ལས་ཞུགས་འབབ་འཕར་སྒོར་དུང་ཕྱུར15.3ཟིན་པ། དེའི་ཁྲོད་དབུལ་ཐར་མི་འབོར་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་བའི་མི་ཐེངས་ཁྲི5ཟིན་པ་དང་འབབ་འཕར་སྒོར་དུང་ཕྱུར5.32བྱུང་ཡོད།

ཆབ་མདོ་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་ཡིས་རོང་འབྲོག་པའི་འབབ་འཕར་དང་ལྷག་པར་དུ་དབུལ་ཐར་མི་འབོར་གྱི་འབབ་འཕར་དེ་ལས་དོན་ཡོངས་ཀྱི་གཙོ་གནད་དུ་བཟུང་ནས། དབུལ་ཐར་མི་འབོར་ལ་རྒྱུན་མཐུད་འབབ་འཕར་བྱུང་བའི་ལས་དོན་ཆེད་དམིགས་འཛིན་གྲྭ་བཙུགས་པ། ལས་གནས་བརྟན་པོ་དང་ལས་ཞུགས་ཡོང་བ་དང་། ཐོན་ལས་རོགས་སྐྱོར། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་སོགས་ཕྱོགས་བསྡུས་བྱེད་ཐབས་བརྒྱུད། དབུལ་ཐར་མི་འབོར་གྱི་ཡོང་འབབ་འབད་པས་ཇེ་མང་དུ་བཏང་ཡོད། ཐོན་ལས་རོགས་སྐྱོར་ཐད། ཐོན་ལས་དབུལ་སྐྱོར་རྣམ་གྲངས852བསྡོམས་པས་ས་གནས་མང་ཚོགས6005ལས་ཞུགས་བསྡུ་ལེན་བྱས་པ་དང་འབབ་འཕར་སྒོར་ཁྲི2857ཟིན་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར4757བྱུང་ཡོད། གཞན་ཡང་། བྱ་དགའ་སྤྲད་ནས་ཁ་གསབ་ཀྱི་ཚབ་དང་ལས་ཚབ་རྒུད་སྤྲོད་ཀྱི་རྣམ་པ་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱི་མི་ཕྱུགས་ལོགས་སུ་གྱེས་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སློང་ཁྲིད་སྟོན་བྱས་པ་དང་། དབུལ་ཐར་མང་ཚོགས་ཀྱི་ཁྱིམ་དུད5001ལ་སྒོར་ཁྲི1163.38འབབ་འཕར་བྱུང་བ་དང་། ཁྱིམ་དུད་རེར་ཆ་སྙོམས་སྒོར2323.29འབབ་འཕར་བྱུང་ཡོད།

དཔེ་སྟོན་ཁུལ་སྐྲུན་ནས་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་པ། 

གྲོང་གསེབ་བཅོས་སྐྱོང་གི་སྐར་གསོག་ལམ་ལུགས་ནི་སྨར་ཁམས་རྫོང་གིས་བཏོན་པའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་གསར་བ་ཞིག་ཡིན།2023ལོ་ནས་བཟུང་། སྐར་གསོག་ལམ་ལུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་སྐུལ་ལྕག་བྱེད་ནུས་འཚོལ་ཞིབ་བྱས་ཏེ། ཏང་གཅེས་རྒྱལ་གཅེས་དང་ཁྲིམས་སྲུང་སྒྲིག་བརྩི། སྤྱི་ཚོགས་ཀྱི་སྤྱི་བའི་སྤྱོད་བཟང་། ཁོར་ཡུག་འཕྲོད་བསྟེན། གད་སྙིགས་རིགས་དབྱེ་ཚུར་སྡུད། དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སོགས་ནང་དོན་ཞིབ་ཕྲ་ཅན་དང་གྲངས་འབོར་ཅན་དུ་བཏང་ནས། གྲོང་གསེབ་བཅོས་སྐྱོང་གི་སྐར་གསོག་ལམ་ལུགས་གདེང་འཇོག་ནང་དོན་དུ་བཅུག་ཡོད།

2023ལོར། ཆབ་མདོ་གྲོང་ཁྱེར་གྱིས་རོང་འབྲོག་པའི་ཉམས་འགྱུར་གསར་བའི་བྱ་སྤྱོད་ཀྱི་དྲིལ་སྒྲོག་སློབ་གསོ་དང་ཁོར་ཡུག་འཕྲོད་བསྟེན་ལེགས་ཅོས་བྱ་འགུལ་ཐེངས300ལྷག་སྤེལ་བ་དང་། ལས་བྱེད་མང་ཚོགས་མི་ཐེངས་ཁྲི13.26ལྷག་ནང་དུ་ཞུགས་པ།“སྐར་གསོག་ལམ་ལུགས”གྲོང་སྡེ125རུ་ཁྱབ་གདལ་བཀོལ་སྤྱོད་བྱས་ནས་བསྡོམས་པས་རིན་ཐང་སྒོར་ཁྲི12.06དངོས་ཟོག་བརྗེས་བ། ནོར་སྲིད་ཞིང་འབྲེལ་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར10.88བཏང་ནས་འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི་འཆམ་མཐུན་གྲོང་གསེབ41བསྐྲུན་པ། 

རྒྱུས་ལོན་བྱུང་བ་ལྟར་ན།2021ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་ཚོད་ལྟའི་དཔེ་སྟོན་གྲོང་ཚོ་དང་མཛེས་ཤིང་འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི་འཆམ་མཐུན་གྲོང་གསེབ82སྐྲུན་ཡོད་ཅིང་། དེའི་ཁྲོད་རང་སྐྱོང་ལྗོངས་ཀྱིས་ངོས་འཛིན་བྱས་པའི་མཛེས་སྡུག་སྤྲོ་གསེང་དཔེ་སྟོན་གྲོང་ཚོ23དང་བདེ་སྐྱིད་འཚོ་སྡོད་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ28། གཙང་དག་གྲལ་འགྲིག་པའི་དཔེ་སྟོན་གྲོང་ཚོ18བཅས་ཡོད།

དཔེ་སྟོན་ཁུལ་བཏོད་པ་བརྒྱུད་གྲོང་གསེབ་ཀྱི་རྣམ་པ་དང་མི་སྡོད་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་བ་དང་། སྤྱི་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས། དཔལ་ཡོན་ཡུལ་སྲོལ་སྐྱེད་སྲིང་བཅས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་ཕྱིན་པ་དང་། ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་སྐྱིད་སྣང་སྔར་བས་རྒྱུན་བསྲིང་ཐུབ་པ། བདེ་སྣང་ལ་སྔར་བས་འགན་སྲུང་ཡོང་ནས་བློ་ཡིད་ཚིམ་པའི་ཚད་མུ་མཐུད་ཆེ་རུ་ཕྱིན་ཡོད།

དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཁྲོད། ཆབ་མདོ་གྲོང་ཁྱེར་གྱིས་ལས་དོན་གྱི་འགན་འཁྲི་ནན་ཏུ་གཏོང་བ་དང་ལྟ་སྐུལ་ཞིབ་དཔྱད་ཀྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་ཐད་ཤུགས་སྣོན་པར་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དཔེ་རིས་གསར་བ་ཧུར་ཐག་གིས་རྩོམ་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།