ཀྲུང་གོ་བོད་ཀྱི་དྲ་བ།

སྐྱིད་གྲོང་འགག་སྒོའི་མཐའ་ཁུལ་སྡོད་དམངས་དབར་གྱི་ཚོང་དོན་ཉིན་བཞིན་དར་འཕེལ་བྱུང་ནས་ལོ་རྒྱུས་ཟིན་ཐོ་གསར་བ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན་ནི་སྐྱིད་གྲོང་འགག་སྒོའི་མཐའ་ཁུལ་སྡོད་དམངས་དབར་ཁྲོམ་རའི་ཉོ་ཚོང་སླར་གསོ་བྱུང་ནས་ལོ་འཁོར་གཅིག་ལོན་པའི་ཉིན་མོ་ཡིན། ལོ་གཅིག་རིང་། སྐྱིད་གྲོང་འགག་སྒོའི་མཐའ་ཁུལ་སྡོད་དམངས་དབར་གྱི་ཚོང་དོན་ཉིན་བཞིན་འཁྲུག་ཆ་དོད་པོར་ཕྱིན་ཡོད་པ་དང་། འགག་སྒོར་ཐོ་འགོད་སྙན་སེང་བྱས་པའི་མཐའ་ཁུལ་སྡོད་དམངས500དང་ཚོང་ཁང31ལྷག་ཡོད་ལ། ཚོང་རྫས་ཀྱི་སྣ་ཁ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་དང་ནེ་པ་ལའི་ཚོང་རྫས30ལྷག་ཉོ་ཚོང་གི་ཆོག་མཆན་ཐོབ་པ། ཉོ་ཚོང་བསྡོམས་འབོར་སྒོར་ཁྲི6187ལ་སླེབས་ནས་ལོ་རྒྱུས་ཟིན་ཐོ་གསར་བ་བཏོད་ཡོད་པ་དང་། མཐའ་མཚམས་ས་ཁུལ་གྱི་མཐའ་དར་དམངས་ཕྱུག་ལ་གསོན་ཤུགས་གསར་བ་བསྣན་ཡོད།

གསར་འགོད་པ་སྐྱིད་གྲོང་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་ཚོམས་ཆེན་དུ་སོང་བའི་ཚེ། ཉེ་འཁོར་གྲོང་སྡེའི་མཐའ་ཁུལ་གྱི་ཡུལ་མིས་ནང་འདྲེན་དངོས་ཟོག་ལ་འགག་སྒྲོལ་འགྲོ་ལུགས་སྒྲུབ་པ་དང་། ཚོམས་ཆེན་གྱི་ཕྱི་རུ་དངོས་ཟོག་འདོན་འཇུག་བྱས་པའི་ནེ་པ་ལའི་ཟོག་འདྲེན་རླངས་འཁོར་རེ་རེ་གོ་རིམ་ལྡན་པའི་འགག་སྒོ་སྒྲོལ་བཞིན་པ་མཐོང་། མཐའ་ཁུལ་སྡོད་དམངས་དབར་གྱི་ཚོང་དོན་ཉོ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོའི་ཁོངས་སུ་གཏོགས་པའི་སྐྱིད་གྲོང་འགག་སྒོས“མི་གདོང་དབྱེ་འབྱེད་ངོས་འཛིན”གྱི་སྙན་ཞུ་བྱེད་སྟངས་བཀོལ་སྤྱོད་བྱས་ཏེ། མཐའ་ཁུལ་སྡོད་དམངས་ཀྱི་སྙན་ཞུ་སྟབས་བདེ་ཅན་དང་སྙན་ཞུའི་ཉམས་ལེན་སྤུས་དག་ཅན་མངོན་འགྱུར་བྱུང་ཡོད།

སྐྱིད་གྲོང་འགག་སྒོའི་ལྟ་སྐུལ་དོ་དམ་ཁའོ་གཉིས་པའི་ཁའོ་ཀྲང་ཝང་ཏུང་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྐྱིད་གྲོང་འགག་སྒོས་རིག་སྟོབས་འགག་སྒོ་འཛུགས་སྐྲུན་བྱ་བ་དེ་མཐའ་ཁུལ་སྡོད་དམངས་དབར་གྱི་ཚོང་དོན་ཉོ་ཚོང་འཕེལ་རྒྱས་ཁྲོད་བཀོལ་སྤྱོད་གང་ལེགས་བྱས་ཏེ། “མཁའ་ལམeབདེ་བགྲོད་ཐུབ”པའི་རྣམ་གྲངས་སོགས་ལག་བསྟར་བྱས་པས། འགག་སྒོའི་ལྟ་སྐུལ་དོ་དམ་རིག་ནུས་ཅན་དང་གོ་རིམ་མཐོང་རུང་ཅན། འགག་སྒྲོལ་ནུས་མཐོ་ཅན་མངོན་འགྱུར་བྱུང་ཡོད།

རྗེས་མར། ང་ཚོས‘མཐོ་ས་གསུམ’འཛུགས་སྐྲུན་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་འཛིན་པ་དང་། སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར། མཐའ་མཚམས་ཉོ་ཚོང་དང་ལས་སྣོན་ལས་རིགས་འཕེལ་རྒྱས་ལ་སྐུལ་ལྕག་བྱས་ཏེ། སྐྱིད་གྲོང་འགག་སྒོ‘བགྲོད་ལམ་དཔལ་འབྱོར’ནས‘འགག་སྒོའི་དཔལ་འབྱོར’ཕྱོགས་སུ་སྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་སྐྱིད་གྲོང་འགག་སྒོའི་མགོ་གཙོ་ཞེ་ཆིང་གིས་བསྟན། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།