ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་ཀ་གནམ་གྲོང་ཚོ་ཡིས་ཕྱུག་འགྱུར་ལམ་བུ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོ་ནི་སྤོ་མེས་རྫོང་དང་སྤྱི་ལེ17ཡོད་ལ། རྒྱལ་ལམ318འགྲམ་རྒྱུད་དང་འཛམ་གླིང་གི་ཆེས་ཆེ་བའི་ཁམ་བུའི་མེ་ཏོག་ལུང་མདོ་རུ་ཆགས་པ་རེད། གྲོང་ཚོ་ཧྲིལ་བོ་རྒྱལ་ཁབ་བརླན་ས་སྤྱི་གླིང་དབུས་སུ་གནས་བས་གནས་བབ་ལེགས་པ་མ་ཟད། ཁོར་ཡུག་མཛེས་བས་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོ”དང“ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ”། “བོད་རང་སྐྱོང་ལྗོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཚོ”སོགས་སུ་བདམས།

ཉེ་བའི་ལོ་ཤས་རིང་། ཀ་གནམ་གྲོང་ཚོས་གྲོང་ཚོ་ཧྲིལ་བོར་གྲོང་གསེབ་དར་སྤེལ་བཏང་ནས། ཀ་གནམ་བརླན་ས་བཏོད་པ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་བཏང་ཞིང་། གྲོང་ཚོའི་ཏང་ཀྲུའུ་པུའུ་ཡིས་གོ་སྐབས་དེ་དམ་འཛིན་གྱིས“ཏང་འཛུགས+གྲོང་གསེབ་བཅོས་སྐྱོང+ཁྱད་ལྡན་ཡུལ་སྐོར”བརྒྱུད་དེ་གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་གསར་བ་རྒྱས་སུ་བཅུག 2023ལོར་གྲོང་ཚོ་ཧྲིལ་བོའི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི1979ཟིན་པ་དང་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི3.33ཟིན་པ་རེད།

2023ལོར། ཀ་གནམ་གྲོང་ཚོས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི2.5སྣེ་ལེན་བྱས་པ་དང་། གྲོང་མི་ཚོ་ཡུལ་སྐོར་ཞབས་ཞུ་དང་ཡུན་སྐོར་ཐོན་རྫས་ཕྱིར་འཚོང་ལ་བརྟེན་ནས་སྒོར་ཁྲི140ཡོང་འབབ་མངོན་འགྱུར་བྱུང་བས་གྲོང་ཚོ་ཧྲིལ་བོའི་དཔལ་འབྱོར་སྤྱིའི་ཡོང་འབབ་ཀྱི30%ཡན་ཟིན་པ་རེད།

གཞི་གྲངས་དེ་དག་གིས་ཀ་གནམ་གྲོང་ཚོའི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བའི་ཕན་འབྲས་མཚོན་པ་མ་ཟད། སྤོ་མེས་རྫོང་གིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཏང་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་འཛིན་ས་གཙོ་བོ་བྱས་ནས། མཉམ་རྒྱལ“ཁེ་ཕན་ཕྲེང་འབྲེལ”མཉམ་སྐྲུན་བྱས་པ་དང་། གྲོང་ཚོ་དར་ཞིང་དམངས་ཕྱུག་པའི་ཤུགས་ལྡན་བདེན་དཔང་དུ་གྱུར་ཡོད།

2023ལོར། གྲོང་ཚོ་ནང་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་གི་རོགས་རམ་འོག ཀ་གནམ་གྲོང་ཚོས་རིགས་སོ་སོའི་འགལ་ཟླ་རིགས20སེལ་ནས། མང་ཚོགས་ཕྱིར་དུ་རྒྱུ་ནོར་གྱོང་གུན་སྒོར་ཁྲི200ལྷག་ཕྱིར་འཐེན་བྱས་པ་དང་། དེ་དང་ཆབས་ཅིག་ཏུ“‘ཁྱིམ་གཅིག་ཡིག་ཚགས་གཅིག་ཨང་བཤེར་གཅིག’+‘རོང་འབྲོག་མང་ཚོགས་ཀྱི་རྣམ་པ་གསར་བའི་སྐར་གསོག་སྒོ་རྩིས་ཁང’”ཚོད་ལྟའི་ལས་དོན་སྤེལ་ནས། གཞི་རིམ་བཅོས་སྐྱོང་གི་ལམ་བུ་གསར་བ་འཚོལ་ཞིབ་ཀྱིས་རྒན་བཀུར་ཆུང་བྱམས་དང་དྲང་བདེན་ཡིད་རྟོན། མཐུན་སྒྲིལ་འཆམ་མཐུན། རང་སྟོབས་རང་སྤེལ་གྱི་རྣམ་པ་བཟང་བོ་ཆགས། 2023ལོར་སྤོ་མེས་རྫོང་གིས་བསྡོམས་པས་དཔེ་བཟང་དཔེ་སྟོན་མི་སྣ30བདམས་ནས་མང་ཚོགས་ཀྱིས་མཉམ་བཅོས་མཉམ་སྐྱོང་མཉམ་སྤྱོད་བྱེད་པར་སྣེ་ཁྲིད་བྱས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།