ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ལས་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་འཕེལ་བར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་རིང་བོར། བོད་ལྗོངས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17ཀྱིས་སྐྱེད་སྲིང་དང་ནང་འདྲེན་དུས་གཅིག་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གསར་སྤེལ་དང་ཐོན་ལས་གླིང་ཁུལ་མཉམ་ལས་མཉམ་སྐྲུན། སྔོན་ཐོན་མཉམ་མྱོང་ནང་འདྲེན། ཚོང་འགུགས་དངུལ་འདྲེན། འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད། རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་བ་དང་། བོད་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་དེ“གཞན་རྟེན”ནས“རང་རྟེན”དུ་སྒྱུར་བར་སྐུལ་འདེད་བཏང་སྟེ། རང་ལུས་འཕེལ་རྒྱས་ཀྱི་ནུས་པ་མུ་མཐུད་མཐོར་འདེགས་སུ་བཏང་ནས་ཐོན་ལས་བོད་སྐྱོར་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་ཐོན་ལས་བོད་སྐྱོར་གྱི“གསེར་གྱི་སྒོ་བྱང”ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་ཐོན་ཁུངས་ནུས་པ་དང་ཐོན་ལས་རྨང་གཞི། གཙོ་གནད་ཁ་ཕྱོགས་བཅས་གནད་ཁེལ་གཏན་འབེབས་བྱས་ཏེ། རོགས་སྐྱོར་བྱ་ཡུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྣེ་གསར་བ་བཏོད་པར་རོགས་རམ་བྱས་ཡོད།

སྟག་རྩེ་ཆུས་པད་ནག་རོང་གི་མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་མལ་གྲོ་གུང་དཀར་རྫོང་གི་པད་ཁའི་སྣུམ་ཐོན་སྐྱེད་དེ་ཐོན་ལས་མ་དཔེ་རུ་གྱུར་ཡོད་པ་དང་། ཆུ་ཤུར་རྫོང་ཡར་ཀླུང་གཙང་པོའི་བཟོ་ལས་གླིང་ཁུལ་གྱི་བཟོ་གྲྭ་བོད་ལྗོངས་ཀྱི་ཚད་ལྡན་ཅན་གྱི་བཟོ་གྲྭའི་ཚད་ཤིང་དུ་གྱུར་བ། ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་བོད་ལྗོངས་ཀྱི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཐོག་མ་རུ་གྱུར་བ། ནན་ཅིན་ཅང་ཉིང་གསར་སྤེལ་ཁུལ་དང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཤར་ནུབ་རྒྱུད་ཀྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་མཉམ་ལས་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཡོད།

“བ་སྤུ་མེ་ཏོག་དང་སྐལ་བཟང་མེ་ཏོག་གི་དྲི་བསུང”མྱུར་བགྲོད་ལྕགས་ལམ་གྱི་མིང་བཏོན་དང“ལྷ་སའི་དངོས་ཟོག་ཡག་ཤོས”ཐོན་ཚོང་སྦྲེལ་མཐུད་ཚོགས་འདུ། “མི་ཁྲི་བོད་ལྗོངས་སུ་སོང་ནས་སྟག་རྩེར་ལྷན་འཛོམས”སོགས་ཆེད་དམིགས་བྱ་སྤྱོའགུལ་གསར་གཏོད་བྱས་ཤིང་། ནས་ཀྱི་ཟས་རིགས་དང་སྐམ་ཤ་ལས་སྣོན། མཐོ་སྒང་བཏུང་ཆུ་སོགས་ཐོན་རྫས20ལྷག“ལྷ་སའི་དངོས་ཟོག་ཡག་ཤོས”རྣམ་གྲངས་མཛོད་ནང་བཅུག་པ། དྲ་ཐོག་ཅང་སུའུ་སོགས་ལས་སྟེགས10ཙམ་གྱིས་ཁྱད་ཐོན་དངོས་རྫས་ཀྱི་བྱེད་ཐབས་ལེགས་པོར་སྒྲུབ་པ་དང“བོད་ཀྱི་ཚོང་རྟགས་རྙིང་བ”གང་ལེགས་སྤྱད་དེ། “རིག་གནས་ཡུལ་སྐོར+”ལས་རྣམ་ཇེ་ལེགས་སུ་བཏང་ནས་རོང་འབྲོག་པའི་མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་ཡོད།

“སྐལ་བཟང་མེ་ཏོག་རྣམ་པར་བཞད་པ། དམངས་འཚོའི་དོན་དག་ཆུང་ངུ”ལས་གཞི་ལག་བསྟར་བྱས་ཏེ། འགྲོ་ལམ་ཤར་བགྲོད་དང་དྲོད་རླངས་དང་དབྱང་རླུང་མཁོ་འདོན། བཙོག་ཆུ་ཐག་གཅོད། སྡོད་ཁང་ལེགས་བཅོས་སོགས་དམངས་སེམས་ལ་དྲོ་སྐྱིད་དང་དམངས་འཚོར་ཕན་པ། ཞན་ཆ་གསབ་པའི་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་ནས། བསྡོམས་པསདམངས་ཕན་ཆུ་ཟམ50ལྷག་དང་སྤྱི་ལེ32.3ཡིབདེ་སྐྱིད་ལམ“སྟབས་གཅིག”རྣམ་པའི་ཞབས་ཞུའི་ཤང་གྲོང་གི་ཁྱིམ་མཚེས་ལྟེ་གནས8བསྐྲུན་པ། ཅང་སུའུ་ཡིས་སྐྲུན་རོགས་བྱས་པའི་དག་པ་གྲོང་ཚོ་དང་ཚྭ་རགས་གྲོང་ཚོ་སོགས་གྲོང་ཚོ་སྐོར་ཞིག་ས་གནས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གྲོང་ཚོར་གྱུར་ཡོད།

དེང་སྐབས། ཚད་ཤིང་རང་བཞིན་དང་དཔེ་སྟོན་རང་བཞིན། སྐུལ་ཁྲིད་རང་བཞིན་གྱི་བོད་སྐྱོར་ཐོན་ལས་རྣམ་གྲངས་སྔར་ལས་མང་པོ་མཚོ་བོད་མཐོ་སྒང་དུ་བཙུགས་ནས། ལྷ་སའི་འཕེལ་རྒྱས་ཐད་གསོན་ཤུགས་ཆེན་པོ་བསྣན་དེ་ཤར་ནུབ་ས་ཁུལ་ཐུན་མོང་འབྱོར་ཕྱུག་ལྡན་པའི་ལེའུ་གསར་བ་བརྩམས་ཡོད།

“ཅང་སུའུ་བོད་སྐྱོར་ལས་དོན་རུ་ཁག་གིས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་བ། བརྗེ་རེས་དང་འགྲོ་འོང་བྱེད་ཚད་ཆེ་རུ་བཏང་སྟེ། འབད་འབུངས་ཆེར་སྐྱེད་ཀྱི་སྙིང་སྟོབས་ཉམས་འགྱུར་དང་། བདེན་འཚོལ་དངོས་སྒྲུབ་ཀྱི་ལས་དོན་སྒྲུབ་སྟངས། ནུས་ལྡན་ཏན་ཏིག་གི་བྱེད་ཐབས་ཀྱིས་བོད་སྐྱོར་གྱི་རྒྱང་ལམ་གསར་བ་གཏོད་པ་དང་། ངར་སེམས་འཕེལ་བའི་སྒོ་ནས་བོད་སྐྱོར་གྱི་ལེའུ་གསར་བ་རྩོམ་དགོས།‘མདུན་གྲལ་དུ་སྐྱོད་པ་དང་། དཔེ་སྟོན་བྱེད་པའི’ཕུལ་བྱུང་བོད་སྐྱོར་བྱས་རྗེས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་འཁོར30ལོན་པ་བསུ་དགོས”ཞེས་ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའམ་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཕན་ཝུན་ཆིན་གྱིས་བཤད། 

ཉེ་བའི་ལོ་འགའི་རིང་། ཧྲང་ཧའེ་བོད་སྐྱོར་གྱིས་ས་གནས་ཐོན་ཁུངས་ཀྱི་ཆ་རྐྱེན་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར1.03ལྷག་བཏང་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་རྣམ་གྲངས21ལག་བསྟར་བྱས་ཏེ། ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་བྱ་བར་སྐུལ་འདེད་བཏང་བ་དང་། རོོགས་སྐྱོར་བྱ་ཡུལ་གྱི་ཐོན་ལས་རང་ལུས་འཕེལ་རྒྱས་ནུས་པ་དང་ཐག་ཉེ་སར་ལས་ཞུགས་ཐུབ་པའི་ནུས་པ་ཇེ་མཐོར་བཏང་བ།“རིག་གནས་ཡུལ་སྐོར་གྱི་ཁྲིད་སྟོན་དང་། ཐོན་ལས་གསུམ་མཉམ་འདྲེས། གྲོང་གསེབ་དར་སྤེལ། བློ་རིག་ནུས་འདོན”བཅས་ཀྱི་ལས་དོན་བསམ་ཕྱོགས་ལ་བརྟེན་ནས་བོད་སྐྱོར་རྣམ་གྲངས་ཀྱིས་བསྡོམས་པས་ས་གནས་མི་ཐེངས1757ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད།

ན་ནིང་། ཧྲང་ཧའེ་བོད་སྐྱོར་གྱིས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་དམིགས་པ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། རྩེར་སོན་ཚོང་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ནས་རོང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས། དེའི་ཁྲོད་རྒྱལ་རྩེའི་ཞིང་ལས་ཚན་རྩལ་གླིང་ལ་བསྒྱུར་བཀོད་རིམ་སྤོར་བྱས་པ་དང་། གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཉམས་གསོའི་བོད་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས། རྣམ་པ་ལེགས་བཅོས་མངོན་གསལ་ཡིན་པ་དང་གཞིས་ཀ་རྩེའི་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས3Aརིམ་པའི་མཛེས་ལྗོངས་ཁུལ་དུ་ངོས་འཛིན་བྱས་པ། དིང་རི་རྫོང་གིས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཇོ་མོ་གླང་མའི་བྱང་སྒོ་ཆེན་མོར་སྤ་སེ་ཉོ་ས་དང་ཚོང་ལས་བཟའ་བཏུང་། སྤྲོ་གསེང་ཉོ་སྒྲུབ། དབྱང་འདོན་འགན་སྲུང་། རི་འཛེག་སྦྱོང་བརྡར་ཉམས་ལེན་བཅས་གཞི་གཅིག་ཏུ་དྲིལ་བའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་གསར་དུ་སྐྲུན་པས། ཡུལ་སྐོར་ཉམས་ལེེན་ཕུན་སུམ་ཇེ་ཚོགས་དང་ས་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ས་སྐྱ་རྫོང་དུ་ལི་གྲོ་འདེབས་འཛུགས་ཐུབ་པ་དང་། གཞིས་ཀ་རྩེའི་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲིའི་ལས་དོན་ས་ཚིགས་ཐོག་མ་ནང་འདྲེན་བྱས་ཏེ། ཞིང་ལས་ལོ་ཏིག་གི་སོན་རྒྱུའི་ཐོན་ཁུངས་ཀྱི་རྣམ་གྲངས་ཁག་ཐེག་བྱས་པ་དང་། མུའུ་རེའི་ཐོན་ཚད་རྒྱ་མ400ནས800སླེབས་ཡོད་ལ། དཔལ་འབྱོར་རིན་ཐང་ཞིང་ལས་ལོ་ཏོག་གཙོ་བོ་ནས་ལས་བརྒལ་བ་དང་། མི་བརྒྱ་ལྷག་བབ་བསྟུན་ལས་ཞུགས་ཐུབ་པ་དང་ཞིང་ལས་མཉམ་འབྲེལ་དང་ཞིང་ལས་སྐུལ་ཁྲིད་བྱེད་ཤུགས་མངོན་གསལ་དུ་ཕྱིན་ནས། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་ནུས་ལྡན་བྱས་ཡོད། 

དེ་དང་ཆབས་ཅིག ཧྲང་ཧའེ་བོོད་སྐྱོར་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོའི་བོད་ལྗོངས་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས། ལྔ་ལྔ་ཉོ་སྒྲུབ་དུས་ཆེན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱ་འགུལ་གལ་ཆེན་ལ་བརྟེན་ནས། བརྗོད་གཞིའི་ཚོང་འགུགས་སྤེལ་བ། ཧྲང་ཧའེ་ཚོང་ཚོགས་ཀྱིས“ཚོགས་སྒྲིག་རྣམ་པའི”ཚོང་འགུགས་སྒྲིག་འཛུགས་བྱས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་གྲལ་གོར་གྲོས་ཚོགས་དང་མོས་མཐུན་ཁེ་ལས་ཀྱི་ཇ་སྟོན་གྲོས་ཚོགས་གཉེར་ནས་སྣེ་འདྲེན་ཁེ་ལས་དང་མིང་གྲགས་ཁེ་ལས་ལ་སྦྲེལ་མཐུད་བྱས་པ། ཅིན་ནིན་སྡེ་ཚོགས་སོགས་ནུས་ཁུངས་གསར་བའི་རྣམ་གྲངས་སྤེལ་མགོ་ཚུགས་པ་དང་བོད་ལྗོངས་ཀྱི་པའེ་ཧྲིན་སྡེ་ཚོགས(ཁིན་ཏི་ཅི་དང་པུའུ་ཧྲིན་ཁུ)སོགས་ཀྱིས་མི་འགྱངས་བར་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཚོང་ཁང་ཐོག་མ་འབྱེད་པ། ལོ་ཙི་ཚན་རྩལ་སོགས་དབྱང་རླུང་དང་དྲོད་རླངས་མཁོ་འདོན་ཁེ་ལས་སྐོར་ཞིག་གཞིས་ཀ་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞིས་ཆགས་པ། མིག་སྔའི་བར། མ་འཇོག་མོས་མཐུན་ཡོད་པའི་ཁེ་ལས50ལྷག་ལ་སྦྲེལ་མཐུད་བྱས་པ་དང་། རང་སྐྱོོང་ལྗོངས་ཀྱི“གཙོ་གནད་ཐོན་ལས་ཆེན་པོ་བརྒྱད”ཀྱི་ཁྱབ་ཁོངས་སུ་ཁེབས་ཡོད།

“ཧྲང་ཧའེ་བོད་སྐྱོར་གྱིས‘ཐོན་ལས་ལ་བརྟེན་ནས་ལས་ཞུགས་ཐུབ་པ་དང་། ལས་ཞུགས་ཀྱིས་འབབ་འཕར་ལ་སྐུལ་ཁྲིད། འབབ་འཕར་གྱིས་དར་སྤེལ་ལ་སྐུལ་འདེད་གཏོང་བའི’འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། ས་གནས་ཐོན་ཁུངས་ཀྱི་ནུས་འདོན་དང་ཐོན་ལས་རྨང་གཞིར་རྐང་ཚུགས་ཏེ། ཧྲང་ཧའེ་ཁྲོམ་ར་དང་ལག་རྩལ་སྦྲེལ་མཐུད་ཧུར་ཐག་དང་། རྨང་གཞིའི་སྒྲིག་བཀོད་དང་གཙོ་གནད་ཐོན་ལས་སྤྱི་འདོམས་སྐུལ་འདེད་རྒྱུན་འཁྱོངས་བྱས་ནས། ས་གནས་སྡོད་དམངས་ཀྱི་ལས་ཞུགས་ནུས་པ་མཐོར་འདེགས་སུ་ཏང་བ་དང་། འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་ཧྲང་ཧའེ་གྲོང་ཁྱེར་གྱི་སྐོར་བཅུ་བའི་བོད་སྐྱོར་ལས་བྱེད་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ལིན་གྱིས་གསར་འགོད་པར་བཤད། 

ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཐེན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུགས་དངུལ་འདྲེན་བྱ་རྒྱུ་དེ་ཆབ་མདོ་གྲོང་ཁྱེར་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུཀལ་འདེད་གཏོང་བའི་གཙོ་གནད་དུ་བཟུང་སྟེ། ཐོན་ལས་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ་དང་། སྲོལ་རྒྱུན་གྱི་མ་དངུལ་གཏོང་ཚད་མ་དངུལ་་དང་ལག་རྩལ། ཤེས་ལྡན་མི་སྣའི་རོགས་སྐྱོར་དུ་སྒྱུར་ནས“གཞན་རྟེན”དང“རང་རྟེན”གཉིས་འཐུས་ཤོར་མི་ཡོང་བར་བྱས་ཏེ། རོགས་སྐྱོར་བྱ་ཡུལ་གྱི་ཁེ་ལས་རང་ལུས་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་བ་དང་། ཁྲོམ་ར་ཆེན་པོའི་མ་ལག་བཏོད་དེ་ཐོན་ལས་མཉམ་ལས་དང་ལས་ཞུག་རོགས་སྐྱོར། འཛད་སྤྱོད་ཁྲོམ་ར་བསྐྲུན་པ། འབྲོག་པའི་འབབ་འཕར་བཅས་ཟུང་འབྲེལ་བྱས་ནས་ཐོན་ལས་རོགས་སྐྱོར་གྱི་སྤུས་འདེགས་ཕན་སྐྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

ཐེན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གི་ཚོང་འགུགས་ལས་དོན་གྱི་ཤུགས་ཆེ་རུ་གཏོང་ཆེད། ཐེན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གིས་《ཐེན་ཅིན་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་ཚོང་འགུགས་རུ་ཁག་ཆུང་བའི་ལས་དོན་ཇུས་གཞི》བཟོས་ཤིང་། ཚོང་འགུགས་རུ་ཁག་ཆུང་བ1དང་ཚོང་འགུགས་ལས་དོན་ཚན་ཆུང4བཙུགས་པ་དང་། ཚོང་འགུགས་རུ་ཁག་ཆུང་བར་ཐོན་ལས་ཚན་ཆུང་གི་ཚོགས་གཙོས་འགན་འཁུར་བ་མ་ཟད། ད་དུང་ཚོང་འགུགས་ལས་དོན་ཚན་ཆུང4སྤྱི་འདོམས་བྱས་པ་དང་། ཚོང་འགུགས་ལས་དོན་ཚན་ཆུང4ལ་རྫོང་ཆུས4་ཡི་ཚོགས་གཙོས་འགན་འཁུར་ནས་མགོ་ཁྲིད་ཀྱི་ཚོང་འགུགས་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། རྐང་འཛིན་རུ་མིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

ཐེན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གི་ཐོན་ལས་བོད་སྐྱོར་འགན་འཁུར་བ་ཝུའུ་རུང་ཆན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།2023ལོར་ཐེན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གིས་བསྡོམས་པས་ཚོང་འགུགས་དངུལ་འདྲེན་གྱི་བྱ་འགུལ་ཐེངས12སྤེལ་བ་དང་། ཁེ་ལས3ནང་འདྲེན་བྱས་པ། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར42.84ཟིན་པ་དང་དོན་དངོས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར3.34ཟིན་ནས། ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།