ཀྲུང་གོ་བོད་ཀྱི་དྲ་བ།

​བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ཡི་རིང་ལྷ་སའི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས18ཉིན། “བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར”ཞེས་པའི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པར་རྗེས་དྲན་གྱི་བརྗོད་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་བསྡུས་པ་རེད།

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།

གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2016ལོ་དང2021ལོ་གཉིས་རིང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”དུ་བདམས་ནས་ཝ་གླིང་སྡེ་ཁུལ་སོགས་རྒྱ་རིགས་དང་བོད་རིགས། ཧུའེ་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་སྡོད་ཀྱི་དཔེ་བཟང་མིག་དཔེ་སྐོར་ཞིག་བྱུང་ཡོད། ལོ་ངོ65ཡི་རིང་ལྷ་ས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཐད་མཆོང་སྐྱོད་འཕེལ་རྒྱས་བྱུང་བ་དང་། ཐོན་སྐྱེད་སྤྱིའི་རིན་ཐང1959ལོའི་སྒོར་དུང་ཕྱུར0.41ནས2023ལོའི་སྒོར་དུང་ཕྱུར834.79དབར་འཕར་ནས་ལོ་རེར་ཆ་སྙོམས11.1%འཕར་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཀ་རྟེན་གོ་གནས་སྔར་བས་མངོན་གསལ་དུ་ཕྱིན་ཏེ། རྒྱང་ཐག་ཕྱེད་ཙམ་གྱི་མཱ་ལ་སུང་དང་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་སློང་འགྲན་བསྡུར་སོགས་སྤུས་ལེགས་འགྲན་བསྡུར་གྱི་སྐད་གྲགས་རྒྱུན་མཐུད་མཐོར་འདེགས་སུ་ཕྱིན་པ། དེང་སྐབས་ལྷ་སའི་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་གནས་གལ་ཆེན་གྱི་ནུས་པ་སྔར་བས་མངོན་གསལ་དུ་ཕྱིན་ནས། བོད་ལྗོངས་ཀྱི་ལྟེ་བའི་དཔལ་འབྱོར་འཕར་ཚད་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་འབུར་ཐོན་དུ་ཕྱིན་ཡོད།

ལོ་ངོ65ཡི་རིང་། ལྷ་སའི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ1959ལོའི་སྒོར57ནས2023ལོའི་སྒོར25010བར་ཇེ་མང་དུ་ཕྱིན་ནས་ལྡབ438འཕར་བ་དང་། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ1959ལོའི་སྒོར220ནས2023ལོའི་སྒོར54835དབར་ཇེ་མང་དུ་ཕྱིན་ནས་ལྡབ249འཕར་ཡོད། རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དུ་བཏང་བ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ7130.5ལ་སླེབས་པ་དང་། ཆུ་འདོན་ལས་གཞི1864སྐྲུན་ནས་ཞིང་སྡེར་བདེ་འཇགས་འཐུང་ཆུ་ཁྱབ་གདལ་དུ་གཏོང་བའི་ཚད100%ལ་སླེབས་ཏེ། ཆུ་ཟོ་ནས་ཆུ་སྦུག་དང་། མར་མེ་ནས་གློག་སྒྲོན། ས་ལམ་ནས་ཨར་འདམ་ལམ། ཕྱིང་གུར་ནས་རྫ་གཡམ་ཐོག་ཅན་གྱི་ཁང་བའི་ལོ་རྒྱུས་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད།

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་། རིམ་པ་གཉིས་པའི་སྐོར་ཞིབ་པ་ཕུ་ཆུང་གིས་བོད་ལྗོངས་རྙིང་བའི་སྐབས་སུ་ལྷ་ས་ས་ཁུལ་གྱི་མི་འབོར་ཁྲོད95%ཡན་ཡིག་རྨོངས་བ་དང་ཡིག་རྨོངས་ཕྱེད་ཙམ་ཡིན་ལ། མི་འབོར་གྱི་ཡི་གེ་ཤེས་ཚད2%ལ་ཟིན་མེད། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་རྗེས། ང་ཚོས་སློབ་གསོ་སྔོན་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་ཡོངས་སུ་རིམ་པ་སོ་སོའི་སློབ་གྲྭ377ཡོད་ཅིང་། སློབ་སྔོན་སློབ་གསོའི་ལོ་གསུམ་རིང་སློབ་གྲྭར་ཞུགས་པའི་ཚད98.73%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད99.46%ཟིན་པ། མཐོ་རིམ་དུས་མཚམས་སུ་སློབ་གྲྭར་ཞུགས་ཚད97.26%ཟིན་ཡོད་ལ། ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་བརྒལ་ཡོད། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོའི་མཐོ་ས་བཏོད་པར་དམིགས་ནས་མ་ལག་འཛུགས་སྐྲུན་དང་འཆར་འགོད་དོན་འཁྱོལ་ཕྱོགས་གཉིས་ཀྱི་ཐད་རྒྱུན་མཐུད་ཤུགས་བཏོན་ནས། ལྷ་སའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ཡོད་ཅེས་བཤད།

ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཁྲིན་ལི་ཡིས་ལོ་ངོ65ཡི་རིང་གྲོང་ཁྱེར་ཡོངས་ཀྱི་ཚོགས་སྤྱིའི་བདེ་ཐང་སྟོན་གྲངས་གཙོ་བོ་གསུམ་མངོན་གསལ་མཐོར་འདེགས་སུ་ཕྱིན་ཡོད་དེ། དེའི་ཁྲོད་བུད་མེད་དང་བྱིས་པ་གཉིས་ཀྱི་དམིགས་ཚད་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་ཚོད་འཛིན་བྱས་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད72.5བར་ཇེ་མཐོར་ཕྱིན་པ། ལྷ་ས་གྲོང་ཁྱེར་གྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ2016ལོའི་མི་རེར་ཆ་སྙོམས་སྒོར55ནས2023ལོའི་སྒོར110དབར་ཇེ་མཐོར་ཕྱིན་ནས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་མཐོ་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་རིན་མེད་སྒོས་བདེ་ཐང་ལུས་བཤེར་དང་ཡིག་ཚགས་དང་བྱང་བུ་བཟོ་བའི་ལས་དོན་ཐོག་མར་སྤེལ་བ་དང་། ཡིག་ཚགས་དང་བྱང་བུ་བཟོ་བའི་ཚད100%ལ་སླེབས་པ་དང་། 2023ལོར་ལུས་བཤེར་བྱེད་ཚད83.2%ལ་སླེབས་པ། 2016ལོར་ལྷ་ས་གྲོང་ཁྱེར་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་རིམ་བགོས་ནད་བརྟག་སྨན་བཅོས་ཀྱི་ཚོད་ལྟའི་གྲོང་ཁྱེར་གཅིག་པུར་གཏན་འཁེལ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོར་བཞི་བའི་གྲོང་ཁྱེར་གྱི་གཞུང་འཛུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་རྒྱལ་ཁབ་ཚོད་ལྟའི་གྲོང་ཁྱེར་དུ་གཏན་འཁེལ་བྱས་པ་རེད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།