ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་སྣེའུ་གསར་ཁུལ་གྱི་སློང་ཆུང་གཉིས་པའི་བཟོ་སྐྲུན་ལོ་མཇུག་ཏུ་འགྲུབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། ལྷ་ས་གྲོང་ཁྱེར་སྣེའུ་གསར་ཁུལ་གྱི་སློབ་ཆུང་གཉིས་པའི་རྣམ་གྲངས་ཀྱི་གཙོ་གཞིའི་སྒྲིག་གཞི་བདེ་བླག་ངང་ལེགས་འགྲུབ་ཟིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། སློབ་གྲྭ་དེའི་འཆད་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་ལག་ལེན་རྟེན་གཞི། ལུས་རྩལ་ཐང་། ཟ་ཁང་། སློབ་མའི་ཉལ་ཁང་། དགེ་རྒན་དང་ལས་བཟོ་བའི་ཉལ་ཁང་སོགས་སྐྲུན་ཡོད་ལ། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི16115.80བཏང་བ་དང་ས་ཁྱོན་སྨི་གྲུ་བཞི་མ35039.35བཟུང་ཡོད་པ་དང་། སྤྱིའི་བཟོ་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ27013.39ཟིན་ཡོད།

ཟླ4པའི་ཚེས16ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྣེའུ་གསར་ཁུལ་གྱི་སློབ་ཆུང་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ཨར་འདམ་བླུག་པ་དང་ལྕགས་རྩིབས་གཅོད་འབྲེག ཤིང་ཆ་གཏུབ་པ་སོགས་ལས་བཟོ་བས་མགོ་མཇུག་མི་འཁྲུག་པའི་སྒོ་ནས་ཨར་སྐྲུན་བྱེད་བཞིན་པ་མཐོང་།“མིག་སྔར། ང་ཚོའི་ཕྱོགས་བསྡུས་ཐོག་ཁང་གི་གཙོ་གཞིའི་ཕྱི་སྒྲོམ་ཡོངས་སུ་ལེགས་པར་འགྲུབ་ཡོད་པ་དང་། ཐེངས་གཉིས་པའི་སྒྲིག་གཞི་རྩིག་གཟུགས་ཀྱི70%ལེགས་གྲུབ་བྱུང་བ། ཟ་ཁང་དང་དགེ་རྒན་དང་ལས་བཟོ་བའི་ཉལ་ཁང་གི་གཙོ་གཞིའི་ཕྱི་སྒྲོམ་ཡོངས་སུ་ལེགས་པར་འགྲུབ་པ་དང་། ཐེངས་གཉིས་པའི་སྒྲིག་གཞི་རྩིག་གཟུགས་ཀྱི80%ལེགས་པར་འགྲུབ་ཡོད། སློབ་མའི་ཉལ་ཁང་གི་གཙོ་གཞིའི་ཕྱི་སྒྲོམ་ཡོངས་སུ་འགྲུབ་ཡོད་པ་དང་ཐེངས་གཉིས་པའི་སྒྲིག་གཞི་རྩིག་གཟུགས་ཀྱི50%ལེགས་པར་འགྲུབ་པ། ལག་ལེན་རྟེན་གཞི་དང་ལུས་རྩལ་ཐང་གི་གཙོ་གཞིའི་ཕྱི་སྒྲོམ་ཡོངས་སུ་ལེགས་པར་འགྲུབ་ཡོད”ཅེས་སྣེའུ་གསར་ཁུལ་སློབ་ཆུང་གཉིས་པའི་རྣམ་གྲངས་ཀྱི་ཅིང་ལི་ལིས་ཆིའུ་ཕིན་གྱིས་བཤད། 

རྣམ་གྲངས་འདི་འཛུགས་སྐྲུན་བྱས་རྗེས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། འོས་འགན་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་གཞི་རྩའི་སློབ་གྲྭ་འཛུགས་སྐྱོང་གི་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྣེའུ་གསར་ཁུལ་གྱི་སློབ་གསོའི་བྱ་གཞག་སྔར་བས་མཐུན་སྦྱོར་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག སྣེའུ་གསར་ཁུལ་གྱི་ལོ་ན་རན་པའི་བྱིས་པ་སློབ་གྲྭར་ཞུགས་དཀའ་བའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་ཐུབ། སྣེའུ་གསར་ཁུལ་དོ་དམ་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཅུའུ་ཡི་ལས་དོན་མི་སྣ་པ་སངས་ཀྱིས་སློབ་གྲྭ་བསྐྲུན་རྗེས་བསླབས་གནས1350མཁོ་འདོན་ཆོག་པ་དང་། སྣེའུ་གསར་ཁུལ་གྱི་སློབ་ཆུང་སློབ་གྲྭ་འཛུགས་སྐྱོང་གི་གཞི་ཁྱོན་ཆུང་བའི་གནད་དོན་ནུས་ལྡན་སྒོས་ཞི་ལྷོད་དུ་གཏོང་ཐུབ་ཅེས་བསྟན། 

རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཟླ6པར་རྣམ་གྲངས་དེའི་གཙོ་གཞིར་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་ཡིན་ལ། ཟླ9པའི་ཟླ་མཇུག་ཏུ་རྒྱན་བཟོའི་ལས་གཞི་ལེགས་པར་འགྲུབ་པ་དང་། ཟླ11པའི་ཟླ་མཇུག་ཏུ་སྤྱིའི་བཀོད་པ་དང་ཞོར་གཏོགས་ཀྱི་སྦུག་དྲ་དང་ལྗང་སྒྱུར་སོགས་ལས་གཞི་ལེགས་པར་འགྲུབ་པ། སྔོན་དཔག་བྱས་པ་ལྟར་ན་ཟླ12པའི་ཟླ་མཇུག་ཏུ་བཟོ་སྐྲུན་ཡོངས་སུ་ལེགས་འགྲུབ་ཟིན་ནས2025ལོའི་ཟླ8པར་རེས་སྐོར་དང་པོའི་སློབ་མ་སྡུད་པའི་འཆར་གཞི་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།