ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་འགག་སྒོ་ནས་རྒྱུས་ལོན་ལྟར་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་སྒོར་དུང་ཕྱུར21.78ཟིན་ནས་ན་ནིང་གི་དུས་མཉམ་ལས216.7%གྱིས་འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། དེ་ནང་ཕྱིར་གཏོང་སྒོར་དུང་ཕྱུར19.51དང་འཕར་ཚད217.1%ཟིན་པ། ནང་འདྲེན་སྒོར་དུང་ཕྱུར2.27དང་འཕར་ཚད213.2%ཟིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར15.13དང་འཕར་ཚད130%ཟིན་ཡོད།

ད་ལོའི་ཚུན། ལྷ་ས་འགག་སྒོ་ཡིས་སྲིད་གཞུང་གིས་དོ་ཁུར་དང་། ཁེ་ལས་ཀྱིས་ཐུགས་ཁུར། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་རིགས་གཙོ་བོར་བཟུང་ནས། མུ་མཐུད་དུ“འགག་སྒོ་དཔོན་གྱིས་སྲིད་ཇུས་སྒོ་ཁར་སྐྱེལ་བ”དང“གཅིག་སྦྲེལ་གཅིག་གི་འགག་སྒོ་དང་ཁེ་ལས་འབྲེལ་གཏུག་”སོགས་ཀྱི་ལམ་ལུགས་གཏིང་ཟབ་བཏང་ནས། རྒྱུན་མཐུད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཕྱིར་འཚོང་བརྟན་བརླིང་དང་སྤུས་ཚད་མཐོ་བར་སྐུལ་འདེད་བྱས།

ལྷ་སའི་འགག་སྒོ་ཕྱོགས་བསྡུས་ལས་སྒོ་ཁྲུའུ་ཡི་ཁྲུའུ་ཀྲང་ཆུང་དར་གྱིས་ངོ་སྤྲོད་ལྟར་ན། ཕྱིར་གཏོང་ནི་བོད་ལྗོངས་ཀྱི་ཕྱིར་ཚོང་འཕར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ཞིང་། དུས་ཚིགས་དང་པོར་བོད་ལྗོངས་ཁེ་ལས་ཀྱིས་གྱོན་ཆས་དང་ཅ་ལག་སོགས་ཀྱི་ངལ་རྩོལ་ཚགས་དམ་རང་བཞིན་གྱི་ཐོན་རྫས་སྒོར་དུང་ཕྱུར9.95ཡི་རིན་པ་ཕྱིར་གཏོང་བྱས་པས་འཕར་ཚད390.6%ཟིན་པ་དང་། འཕྲུལ་ཆས་དང་གློག་ཆས་སོགས་ཀྱི་ཐོན་རྫས་སྒོར་དུང་ཕྱུར5.5ཕྱིར་གཏོང་བྱས་ནས་འཕར་ཚད105.3%ཟིན་པ། བསྡོམས་པས་ཕྱིར་གཏོང་སྤྱིའི་རིན་ཐང་སྒོར15.45ཟིན་ནས་ཐད་ཀར་དུ་བོད་ལྗོངས་ཀྱི་ཕྱིར་གཏོང་ཚོང་དོན་བརྒྱ་ཆའི་ཚེག156འཕར་སྣོན་བྱུང་།

གཞི་གྲངས་ལས་མངོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་ཚོང་དོན་ཚོང་གྲོགས་སྔར་ལས་བརྟན་བརླིང་ཡིན་པ་དང་། གསར་དར་ཁྲོམ་རའི་ཚོང་གྲོགས་མངོན་གསལ་གྱིས་མང་དུ་ཕྱིན་ནས“གྲོགས་ཚོམས”མུ་མཐུད་དུ་རྒྱ་བསྐྱེད་པ། དུས་ཚིགས་དང་པོར་བལ་ཡུལ་གྱིས་བོད་ལྗོངས་ཀྱི་ཚོང་དོན་ཚོང་གྲོགས་ཨང་དང་པོ་དང་ཕྱིར་གཏོང་ཁྲོམ་རའི་གོ་གནས་བཟུང་ཡོད། རྒྱ་གར་དང་ཨ་རི། མ་ལེ་ཞི་ཡ་སོགས་ཀྱི་རྒྱལ་ཁབ་དང་ཡ་གླིང་མནའ་འབྲེལ་རྒྱལ་ཁབ།  ཡ་རོབ་མནའ་འབྲེལ་རྒྱལ་ཁབ་སོགས་ཀྱི་དཔལ་འབྱོར་གཙོ་བོའི་ཕྱིར་གཏོང་ཚོང་དོན་འཕར་བའི་རྣམ་པ་མངོན།

མཉམ་འཇོག་བྱེད་དགོས་ས་ཞིག་ནི། དམངས་གཉེར་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་ཕྱིར་འཚོང་གི་གཙོ་གཞིའི་ནུས་བ་བཏོན་ནས། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར21.4དང་འཕར་ཚད215.2%ཟིན་ནས་ཕྱིར་འཚོང་སྤྱིའི་རིན་ཐང་གི98.3%ཟིན་ཡོད། རྒྱལ་དབང་ཁེ་ལས་ཀྱི་ཕྱིར་གཏོང་སྒོར་དུང་ཕྱུར0.21དང་འཕར་ཚད173.2%ཟིན་པ། དེ་དང་ཆབས་ཅིག་ཏུ་སྤྱིར་བཏང་གི་ཚོང་དོན་དང་མཐའ་མཚམས་ཚོང་དོན་ཡང་འཕར་སྣོན་བྱུང་བའི་རྣམ་པ་མངོན་ཡོད། བོད་ལྗོངས་ཀྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཚད་སྒོར་དུང་ཕྱུར13.17དང་འཕར་ཚད234.7%ཟིན་པ། མཐའ་མཚམས་འབོར་ཆུང་ཚོང་དོན་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར7.86དང་འཕར་ཚད170.6%ཟིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།