ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི“ཁམ་བུའི་མེ་ཏོག་དཔལ་འབྱོར”ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གཅིག་ཐེངས་གཅིག་སྤེལ་བའི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་སྐབས་སུ། རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པ་དང་མི་ཚོགས་ཀྱིས་ཚ་ཚ་འུར་འུར་བྱེད་བཞིན་ཡོད། 

ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམ་པའི་ཁམ་བུའི་མེ་ཏོག་གི་ཐོན་ཁུངས་ལ་བརྟེན་ནས་ཉིང་ཁྲིའི“ཁམ་བུའི་མེ་ཏོག་དཔལ་འབྱོར”གྱིས་རྣམ་པ་གསར་བ་མངོན་པ་དང་། དེ་ས་གནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཏུ་གྱུར།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་མུའུ270ཡི་ཁམ་བུའི་མེ་ཏོག་ལྡུམ་རའི་ནང་གཙང་ཞིང་གྲ་འགྲིག་པོ་ཡིན་ལ། ལྡུམ་རའི་ནང་མི་ལ་ལས་འཕྲོད་བསྟེན་གད་བདར་བྱེད་པ་དང་། མི་ལ་ལས་ཡུལ་སྐོར་བའི་རྟ་ཁྲིད་དེ་པར་ལེན་པ། ཡང་ལ་ལས་འགྲིམ་འགྲུལ་ཉེན་རྟོག་པར་རོགས་བྱས་ནས་འགྲིམ་འགྲུལ་ལམ་སྟོན་བྱེད་བཞིན་ཡོད། ཉང་ཆུའི་གྲམ་ཁར་མི་ལ་ལས་ཕྱོགས་གཅིག་ནས་སྡོང་བོ་འཛུགས་པ་དང་ཕྱོགས་གཞན་ཞིག་ཏུ་གླུ་ལེན་བཞིན་ཡོད།

“མཛེས་ལྗོངས་ཁུལ་དུ་བྱ་བ་སྒྲུབ་མཁན་ཚང་མ་ང་དང་འདྲ་བའི་གྲོང་མི་ཡིན”ཞེས་ཉི་མ་ཆོས་སྐྱིད་ཀྱིས་གསར་འགོད་པར་བཤད་ཞོར་ལག་ཁྱེར་ཁ་པར་ལས་ཁོ་མོའི་ལས་རེས་གོ་རིམ་སྒྲིག་འགོད་བསྟན། ཁམ་བུའི་མེ་ཏོག་དུས་ཆེན་སྐབས་ཀྱི་ཀ་ལ་གྲོང་ཚོའི་གྲོང་མིའི་ལས་རེས་གོ་རིམ་སྒྲིག་འགོད་ཧ་ཅང་ཞིབ་ཚགས་ཡིན་ལ། སྤ་སེ་ལས་དོན་དང་འཕྲོད་བསྟེན། བདག་གཉེར། ངལ་ལས་སོགས་ཀྱི་ལྷུ་ཚིགས་སུ་ལས་བགོས་གསལ་བོ་བྱས་ཡོད་པ་མཐོང་།


པར་འདི་ནི་ཉི་མ་ཆོས་སྐྱིད་ཀྱིས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་རའི་ནང་གད་སྙིགས་འཐུ་བའི་རྣམ་པ་རེད།

“ང་ཚོས་གྲོང་མི་རྣམས་ཚན་ཆུང4རུ་བགོས་ནས་ལས་རེས་རེའུ་མིག་སྒྲིག་འགོད་བྱས་ཡོད། ང་ཚོའི་གྲོང་ཚོར་ད་ལྟ་དུད་ཚང33དང་མི148ཡོད་མོད། འོན་ཀྱང་དོན་དག་ཧ་ཅང་མང་པས་དེ་འདྲའི་འདང་ངེས་བྱུང་མེད”ཅེས་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེ་ཡིས་བཤད། 

“གྲམ་ཁའི་སྐྱེ་ཁམས་ཉམས་གསོ་ནི་ད་ལོའི་རྣམ་གྲངས་གསར་བ་ཡིན་ལ། ཉིན་གཅིག་རིང་སྡོང་བོ་བཙུགས་ན་སྒོར260ཡོང་འབབ་རེག་ཐུབ། གྲོང་མིའི་ཁམ་བུའི་མེ་ཏོག་ལྡུམ་རར་བདག་གཉེར་བྱས་པའི་རྣམ་གྲངས་ཀྱི་ཡོང་འབབ་རང་ཉིད་ཀྱི་ཁུག་མར་བསགས་པ་ལས་ཁེ་སྤོགས་བགོ་བའི་ནང་ཞུགས་མི་དགོས། སྤ་སེའི་ཡོང་འབབ་ཐུན་མོང་གི་ཁེ་སྤོགས་བགོ་བའི་ནང་ཞུགས་དགོས”ལས་རེས་གོ་རིམ་སྒྲིག་འགོད་བརྗེ་རེས་བྱས་ན་ཚང་མར་རང་ཉིད་ཀྱི་བདག་གཉེར་རྣམ་གྲངས་ཐོག་ཡོང་འབབ་འཚོལ་བའི་གོ་སྐབས་ཡོད་པ་དང་། ངལ་ལས་ཡོང་འབབ་ཀྱང་བཙལ་ཆོག་ཅེས་ཉི་མ་རྡོ་རྗེས་གསར་འགོད་པར་བཤད། 

2023ལོར་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་རར་མི་ཐེངས་ཁྲི11ལྷག་སྣེ་ལེན་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་ཐེངས་གཉིས་པའི་འཛད་སྤྱོད་ཀྱི་ཡོང་འབབ་སྒོར་ཁྲི341ལ་སླེབས་ཡོད། ཟླ་སྔོན་མར་གྲོང་ཚོ་དེའི་ལོ་འཁོར་གྱི་ཁེ་སྤོགས་བགོ་བཤའ་དང་ངལ་ལས་གླ་ཕོགས་སྒོར་ཁྲི380.6འགྲེམ་གཏོང་བྱས་ཤིང་། དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི11.4ལྷག་བགོ་བཤའ་བརྒྱབ་ཡོད།

ཉང་ཆུའི་སྨད་རྒྱུད་ཀྱི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་ཁམ་བུའི་མེ་ཏོག་སྡོང་རྐང3000ལྷག་གྲོག་རོང་ཁུལ་དུ་རྣམ་པར་བཞད་ཡོད། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མཛེས་ལྗོངས་ཁུལ་གྱི་ཕྱི་རོལ་དུ་བོད་ཀྱི་གོས་རྒྱན་ཆ་ལུགས་བདམས་ནས་གྱོན་རྗེས་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་དུ་འགྲོ་བཞིན་མཆིས།

“ཡུལ་སྐོར་བས་རྡོ་སྟེང་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་རའི་ནང་རིན་མེད་ངང་ལྟ་སྐོར་བྱས་ཆོག འདི་ནི་ང་ཚོས་གྲོང་ཚོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་གྱི་གནས་ཐང་འཕར་བའི་ཞབས་ཞུ་གསར་བ་ཞིག་ཡིན”ཀོང་པོའི་མཛེས་ལྗོངས་ཁུལ་གྱི་འགན་ཁུར་བ་ཁྲིན་ལིང་གིས་བཤད། ཁོ་ཚོའི་ཀུང་སིས་ས་ཞིང་འཁོར་རྒྱུག་བྱས་པ་བརྒྱུད། བུ་ཆུང་ཤང་དུ་རྒྱ་སེ་མེ་ཏོག་དང་འབྲི་ཏ་ས་འཛིན་སྔོན་པོའི་ར་བ་སོགས་བསྐྲུན་ཡོད་ཅིང་། གཙོ་བོ་ཞིང་ལས་འདེབས་འཛུགས་དང་ལྟ་སྐོར། འཐོག་པ། ལས་སྣོན་སོགས་ཀྱི་ལས་དོན་གཉེར་ནས་ས་གནས་ཀྱི་ཡུལ་སྐོར་ནང་དོན་ལ་རྣམ་པ་གསར་བ་ཧུར་ཐག་བསྣན་ཡོད།

ཀོང་པོའི་མཛེས་ལྗོངས་ཁུལ་གྱིས2023ལོར་བསྡོམས་པས་ས་གནས་ཀྱི་གྲོང་མི50ལྷག་གདན་དྲངས་ཏེ་ཡུར་མ་ཡུར་བ་དང་ལུད་འཇོག་པ། ཡལ་ག་བཞུར་བ། སིལ་ཏོག་འཐོག་པ་སོགས་ཀྱི་ལས་དོན་གཉེར་བཞིན་ཡོད།

“ཡུན་རིང་ལས་བཟོ་བའི་གླ་ཕོགས་ལ་སྒོར་ཁྲི4ལྷག་ཡོད་པ་དང་ཉིན་གླས་བཟོ་བའི་གླ་ཕོགས་སྒོར150ཟིན་པ། ང་ཚོས་གྲོང་མིར་ལས་མི་བཀོལ་བའི་འཆར་འགོད་སྒྲོག་འགྲེལ་བྱས་ནས་གྲོང་མི་སྔར་བས་མང་པོ་སྒོ་རྩར་ལས་ཞུགས་ཐུབ་པར་བྱས་ཡོད”ཅེས་ཁྲིན་ལིང་གིས་བཤད།


པར་འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཆུ་མདོ་གྲོང་རྡལ་གྱི་ཁམ་བུའི་མེ་ཏོག་ནགས་ཀྱི་མཛེས་ལྗོངས་རེད།

ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གི་ཁམ་བུའི་མེ་ཏོག་རོང་གི་ཆུ་མདོ་གྲོང་རྡལ་རྐུ་ཐང་གྲོང་ཚོར་མིག་སྔར་ཁྱིམ་ཚང་མགྲོན་ཁང3ཡོད། “ཁམ་བུའི་མེ་ཏོག་བཞད་པའི་སྐབས་སུ་གཞི་རྩའི་ཆ་ནས་ཁང་བ་ཚང་མའི་ནང་མི་གང་ཡོད”ཅེས་གྲོང་མི་བློ་བཟང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས། ཁོང་ཚང་གི་ཁྱིམ་ཚང་མགྲོན་ཁང་ནི་གྲོང་ཚོའི་ནང་ཆེས་ཆེ་བའི་མགྲོན་ཁང་ཡིན་ལ། བསྡོམས་པས་འགྲུལ་ཤག7ཡོད་པ་དང་ཉེ་སྔོན་ཡུལ་སྐོར་བར་བོད་ལྭ་དང་བོད་ཟས་ཉམས་ལེན་ཞབས་ཞུའང་མཁོ་འདོན་བྱེད་བཞིན་ཡོད།

སྤོ་མེས་ཁམ་བུའི་མེ་ཏོག་རོང་དུ་བསྡོམས་པས་ཁྱིམ་ཚང་མགྲོན་ཁང་དང་མགྲོན་ཤག མགྲོན་བྲང90ལྷག་ཡོད། གྲོང་མི་རྣམསཁམ་བུའི་མེ་ཏོག་དཔལ་འབྱོར” ནང་ཞུགས་པར་སྐུལ་ལྕག་བྱས་པ་དང་། ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྔོན་དུ་ས་གནས“སྤོ་མེས་རྫོང་རིག་གནས་ཡུལ་སྐོར་ཤེས་ལྡན་མི་སྣའི་གསོག་འཇོག་གསོ་སྦྱོང་འཛིན་གྲྭ”རྩ་འཛུགས་བྱས་ཏེ། རིན་མེད་ངང་ཞག་སྡོད་དང་བཟའ་བཏུང་། ཞིང་ལས་ཁྱད་ཐོན་དངོས་རྫས་བདག་གཉེར་མཁན110ལ་མཛུབ་སྟོན་མཁོ་འདོན་བྱས་ཡོད།

དེང་སྐབས་ཉིང་ཁྲིའི་ཁམ་བུའི་སྡོང་བོ་གཅེས་ནོར་དུ་གྱུར་ཡོད། ད་ལོའི་ཟླ1པོ་ནས3པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི230.59སྣེ་ལེན་བྱས་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར20.03མངོན་འགྱུར་བྱུང་ཡོད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་རོང་དང་ཁམ་བུའི་མེ་ཏོག་གྲོང་ཚོའི་ད་རུང་བྱེད་སྟངས་གསར་བ་བཏོན་དང་འདོན་བཞིན་ཡོད།  །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།