ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་གྲོང་ཁྱེར་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་གསར་བ་སྔོག་འདོན་བྱས་ནས་རོང་འབྲོག་པའི་འབབ་འཕར་ལས་ཞུགས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། “གྲོང་གསེབ་དར་སྤེལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ནག་ཆུ”ཞེས་པའི་བྱ་འགུལ་ལ་བརྟེན་ནས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་རྫས་གསར་སྤེལ་བྱས་ཏེ། རོང་འབྲོག་པའི་འབབ་འཕར་དང་ལས་ཞུགས་ལ་སྐུལ་འདེད་བཏང་། 2023ལོར། ནག་ཆུ་གྲོང་ཁྱེར་གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁང14ཡི་སྤྱིའི་ཡོང་འབབ་སྒོར་ཁྲི235.25ལ་སླེབས་པ་དང་ལས་ཞུགས་མི་གྲངས114སྐུལ་ཁྲིད་བྱས་ཡོད།

ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གྲོང་གསེབ་དར་སྤེལ་གྱི་རིག་གནས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་སྐབས། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡིས་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་ཁུངས465ཡོངས་བཤེར་སྔོག་འདོན་བྱས་ཡོད་ལ། དེའི་ཁྲོད“གྲོང་གསེབ་དར་སྤེལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ནག་ཆུ”ཞེས་པའི་བྱ་འགུལ་ལ་བརྟེན་ནས་ཤན་རྩའི་བསླས་འཐག་ལག་རྩལ་དང་སྦྲ་ཆེན་རྫོང་གི་ཐང་ག སྦྲ་ཆེན་གྱི་ཀོ་ཆས་བཟོ་བའི་ལག་རྩལ། ཉི་མ་གླིང་དགོན་གྱི་མེ་ཏོག་མཆོད་པ་བཟོ་རྩལ། གསེར་རྙེད་ཆུས་ཀྱི་སྲོལ་རྒྱུན་ལག་ཤེས་བསླས་འཐག་ལག་རྩལ་སོགས་ཐོན་ཁུངས20ལྷག་གསར་དུ་སྔོག་འདོན་བྱས་ཡོད་ལ། མིག་སྔར་གསར་དུ་སྔོག་འདོན་བྱས་པའི་ཐོན་ཁུངས་དག་རྫོང་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་ཡོད། རྗེས་མར་གསར་དུ་སྔོག་འདོན་བྱས་པའི་ཐོན་ཁུངས་ཀྱི་ཁྱབ་ཁོངས་དང་ལོ་རྒྱུས་འབྱུང་ཁུངས། འཕེལ་རྒྱས་རྒྱུན་འཛིན། རིན་ཐང་གལ་ཆེན་སོགས་གཞིར་བཟུང་། “རིམ་པ་བཞིའི”གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་རེ་ཞུ་འོས་སྦྱོར་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གཞུང་མུ་མཐུད་འཐུས་ཚང་དུ་གཏོང་དགོས།

“གྲོང་གསེབ་དར་སྤེལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ནག་ཆུ”ཞེས་པའི་བྱ་འགུལ་སྤེལ་བ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའམ་དེའི་ཡན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས40ལྷག་དང་། གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ20ལྷག་བྱ་འགུལ་ནང་ཞུགས་ཡོད་ཅིང་། དེ་དག་སྲོལ་རྒྱུན་ལག་རྩལ་དང་སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་མཛེས་རྩལ། དམངས་སྲོལ་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད། བྱ་འགུལ་ཁྱབ་གདལ་དུ་བཏང་བ་དང་བསྟུན་ནས་ན་གཞོན་སྔར་ལས་མང་པོས་གཟུགས་འདས་རིག་གནས་ཤུལ་བཞག་ལ་ཡང་བསྐྱར་ཤེས་རྟོགས་དང་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་དཔུང་སྡེའི་ནང་ཞུགས་ཏེ། ནག་ཆུའི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ཐད་མཐུན་རྐྱེན་མཁོ་འདོན་བྱས་ཡོད།

ནག་ཆུ་གྲོང་ཁྱེར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁང14ཡིས་ཨ་མདོའི་གོས་རྒྱན་ཆ་ལུགས་དང་། སོག་ཞུའི་རིས་དམར་ལག་རྩལ། ཀོ་ཆས་བཟོ་བའི་ལག་རྩལ་སོགས་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་མང་པོ་བརྟེན་ནས། གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་རྫས་ཞིབ་འཇུག་གསར་གཏོད་ཧུར་ཐག་བྱས་ཡོད།2023ལོར། གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁངགི་སྤྱིའི་ཡོང་འབབ་སྒོར་ཁྲི235.25ལྷག་ཟིན་པ་དང་ལས་ཞུགས་མི་གྲངས114སྐུལ་ཁྲིད་ཐུབ་པ། བོད་ལྗོངས་ཕྱི་ནང་གི་གཟུགས་འདས་རིག་གནས་ཤུལ་བཞག་དང་ཡུལ་སྐོར་གྱི་བརྗོད་གཞིའི་འགྲེམ་སྟོན་བྱ་འགུལ་མང་པོའི་ནང་ཞུགས་པ་དང་། ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི17ཟིན་ནས་རོང་འབྲོག་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བར་བྱེད་ནུས་མངོན་གསལ་ཐོན་ཡོད། ད་ལོའི་ཟླ1པོ་ནས3པའི་བར། གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁང14ཡིས་མི་ཐེངས147ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་ཡོང་འབབ་སྒོར64.61ཟིན་ཡོད།

“གྲོང་གསེབ་དར་སྤེལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ནག་ཆུ”ཞེས་པའི་བྱ་འགུལ་གྱིས་གྲོང་གསེབ་ཡུལ་སྐོར་གྱི་རིག་གནས་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཡིད་འཕྲོག་པའི་ནུས་པ་ཆེ་རུ་བཏང་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ཐད་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་བྱུང་དུ་བཅུག་སྟེ། ནག་ཆུའི་གཟུགས་འདས་རིག་གནས་ཤུལ་བཞག་གི་བསམ་པའི་རིན་ཐང་དང་རིག་གནས་རིན་ཐང་སྔར་བས་མངོན་གསལ་ཐུབ་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁང་གི་གསར་གཏོད་ཀྱིས་རོང་འབྲོག་མང་ཚོགས་ལ་འབབ་འཕར་བྱུང་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།