ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་སྔོག་འདོན་བྱས་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་རིམ་སྤོར་གྱི་ཚོད་ལྟའི་རྫོང་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་། རི་བོ་ཆེ་རྫོང་གིས་ཐོན་ཁུངས་ཀྱི་ནུས་པ་འདོན་པ་དང་གནས་ཡུལ་ལེགས་ཆར་རྐང་ཚུགས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དང་། ནོར་གནག་ཐོན་ལས། ཡུང་མའི་ཐོན་ལས་བཅས་ཀྱི་འཕེལ་རྒྱས་གནས་ཐིག་གཏན་ཁེལ་བྱས་ཏེ། གླིང་ཁུལ་གྱི་སྐུལ་ཁྲིད་དང་སྣེ་ལེན་ཁེ་ལས་ཀྱི་སྐུལ་ཁྲིད། ཞིང་པའི་མཉམ་ལས་ཁང་གི་སྐུལ་ཁྲིད། འཇོན་མིའི་ཁྱིམ་དུད་ཆེན་པོའི་སྐུལ་ཁྲིད་བཅས་གསར་གཏོད་ལག་བསྟར་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་རང་རྟེན་ལེགས་སྒྲིག་བཅས་ལ་བརྟེན་ནས་ཐོན་ལས་སྒྲིག་གཞི་འཕེལ་རྒྱས་ཐོན་སྐྱེད་བྱེད་སྟངས་ཇེ་ལེགས་སུ་བཏང་བ་དང་། ཐོན་ལས་དབུལ་སྐྱོར་གྱི་བགྲོད་ལམ་རྒྱ་སྐྱེད་དུ་བཏང་ནས་ཐོན་ལས་དབུལ་སྐྱོར་གྱི་རིམ་སྤོར་པར་གཞི་ནུས་ཤུགས་ཡོད་རྒུས་བཏོད་དེ། དཀའ་ངལ་ཡོད་པའི་མང་ཚོགས་སྔར་ལས་མང་པོར་ཐོན་ལས་དབུལ་སྐྱོར་གྱི་ཁེ་སྤོགས་ལོངས་སྤྱོད་བྱེད་དུ་བཅུག 

ཆ་སྙོམས་ས་བབ་སྨི4500མཚམས་ཀྱི་རི་བོ་ཆེ་རྫོང་གི་ནོར་གནག་ནི་ཡུལ་ལྗོངས་ཞིག་ཡིན་ལ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ཐེག་པའི་རེ་སྒུག་ཀྱང་ཡིན། རི་བོ་ཆེ་མཐོ་སྒང་གི་དྲོད་ཁུལ་བཞའ་རློན་ཕྱེད་ཙམ་གྱི་གནམ་གཤིས་ཁོངས་སུ་གཏོགས་པས་རྩྭ་རར་རྩྭ་ཆུ་འཛོམས་པོ་ཡིན་པ། འདི་གར་ནོར་གནག་གི་གྲངས་འབོར་མང་བ་དང་སྐམ་ཤའི་རྒྱུ་སྤུས་ཀྱང་ཧ་ཅང་མཐོ་བས། དེ་ནི་ཀྲུང་གོའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཡིན། 

2022ལོར། རི་བོ་ཆེའི་ནོར་གནག་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད། ཁྲུང་ཆིང་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོན་ལས་ཁྲིད་སྟོན་མ་དངུལ་སྒོར་ཁྲི200བཏང་ནས་སྤང་མདའ་ཤང་གཡང་འཛོམས་གྲོང་ཚོར་ནོར་གནག་དུས་ཐུང་སྡོམ་གསོས་དཔེ་སྟོན་རྟེན་གཞི་བཙུགས་ནས། ནོར་གནག་རྒྱུད་བཟང་ཁྱབ་གདལ་དང་གཅིག་སྡུད་སྡོམ་གསོས། ནོར་གནག་གཞི་གྲངས་ཅན་དོ་དམ་སོགས་ལས་དོན་སྤེལ་ཏེ། མཐའ་འཁོར་གྲོང་མིའི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད། 

ནོར་གནག་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་དུ་བཏང་བ་དང་བསྟུན་ནས། རྒྱུད་བཟང་སྲུང་སྐྱོང་དང་གསོ་སྤེལ་རྒྱ་ཁྱབ། སྡོམ་གསོས་རྒྱག་པ། ལས་སྣོན་བཅས་ནོར་གནག་གི་ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་སྟེང་གི་བཀོད་པའི་ཇུས་འགོད་སྔར་བས་འཐུས་ཚང་དུ་བཏང་ཡོད་པ་དང་། རི་བོ་ཆེ་རྫོང་གིས་གཙོ་བོ་ནོར་གནག་རྒྱུད་བཟང་སྲུང་སྐྱོང་དང་གསོ་སྤེལ་རྒྱ་ཁྱབ་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས། དུས་ཐུང་སྡོམ་གསོས་རྒྱག་པའི་ཐད་ཚད་བརྒལ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཡོད། དེ་དང་ཆབས་ཅིག“གཞི་གྲངས་ཆེན་པོའི་དོ་དམ+མིས་ཐབས་ཀྱི་ཁམས་སྡུད་ལག་རྩལ+རོང་འབྲོག་པའི་གྲོས་མཐུན་གསོ་སྤེལ”བྱེད་སྟངས་བེད་སྤྱད་དེ་རི་བོ་ཆེའི་ནོར་གནག་རྒྱུད་བཟང་སྲུང་སྐྱོང་དང་གསོ་སྤེལ་རྒྱ་ཁྱབ་ལས་དོན་སྤེལ་བ། མིག་སྔར། གཞི་གྲངས་ཆེན་མོའི་ལྟེ་གནས་སུ་བཅུག་པའི་འབྲི་མོ798རྒྱུད་སྤེལ་དོ་དམ་བྱས་ཡོད་པ་དང་།“སྲིད་གཞུང་གི་འགན་སྲུང་འབྲི་ཁུངས+ཁེ་ལས་སྡོམ་གསོས་ཕྱིར་འཚོང”གི་ནོར་གནག་དུས་ཐུང་སྡོམ་གསོས་བྱེད་སྟངས་སྤྱད་དེ། ལོ་རེར་གཅིག་སྡུད་སྒོས་དུས་ཐུང་སྡོམ་གསོས་སྐོར་ཐེངས2རེ་སྤེལ་བ་དང། སྐོར་ཐེངས་རེར་མགོ་གྲངས500ཚད་གཞི་ལྟར་དུས་ཡུན་ཟླ4ཡི་རིང་དུས་ཐུང་སྡོམ་གསོས་རྒྱག་པ། སྔོན་དཔག་བྱས་པ་ལྟར་ན་ལོ་རེར་ནོར་གནག1000བཤས་གཏོང་བྱས་པ་དང་ཐོན་སྐྱེད་རིན་ཐང་སྒོར་ཁྲི1200ཙམ་མངོན་འགྱུར་བྱུང་བ་དང་། ཁྱིམ་དུད500ཡན་གྱི་རོང་འབྲོག་པར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ནས་འབབ་འཕར་བྱུང་ཡོད།

གཞན་ཡང་། རི་བོ་ཆེ་རྫོང་གྲོག་རོང་ས་ཁུལ་དུ་གནས་པའི་དབང་གིས་ཆར་ཆུ་འདང་ངེས་ཡོད་པ་དང་། རི་སྐྱེས་སྨན་རྫས་སྣ་ཚོགས་ཀྱང་དེ་འཕེལ་རྒྱས་ཀྱི་ལེགས་ཆའི་ཐོན་ཁུངས་སུ་གྱུར་ཡོད།2023ལོའི་ཟླ5པར་རི་བོ་ཆེ་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག ས་གནས་ཁེ་ལས་ཏེ་གངས་ལྗོངས་ལི་མིན་བོད་སྨན་ཞིབ་འཇུག་གསར་སྤེལ་ཚད་ཡོད་ཀུང་སིས་བཟོ་གྲྭའི་ནང་ཡུང་མའི་མཐོ་འགོག་རིགས་ཀྱི་ཟས་རིགས་ཐོན་སྐྱེད་སྒྲུབ་རིམ་འཛུགས་སྐྲུན་བྱས་ཡོད། རྣམ་གྲངས་སྐྲུན་རྗེས། སྔོན་དཔག་བྱས་པ་ལྟར་ན་ལོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི1500ཡན་དུ་ཟིན་པ་དང་། ལས་ཞུགས་མི18སྐུལ་ཁྲིད་བྱས་པ་མ་ཟད། ད་དུང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་ཐོན་ལས་རྣམ་གྲངས་ཕན་འབྲས་མི་ལེགས་པའི་གྲོང་ཚོའི་ཞིང་སར་ཐོན་འབབ་དམའ་བའི་བསྒྱུར་བཀོད་རྣམ་གྲངས་སྤེལ་བ་དང་། སྒོག་པ་འདེབས་འཛུགས་རྣམ་གྲངས་ཀྱི་གྱོང་གུན་དུས་ཐོག་ཏུ་འཇོམས་ནས་ཡུང་མ་འདེབས་འཛུགས་བྱས། 

ལོ་འགའི་རིང་། རི་བོ་ཆེ་རྫོང་གིས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རིམ་སྤོར་ཚོད་ལྟའི་ལོ་རྒྱུས་གོ་སྐབས་སུ་བརྩིས་ཏེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་གསར་བ་མུ་མཐུད་སྔོག་འདོན་བྱས་ནས་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ཁྲིད་སྟོན་མ་དངུལ་བརྩོན་ལེན་བྱས་པ་དང་། སྲོལ་རྒྱུན་འདེབས་འཛུགས་གསོ་སྤེལ་ལས་རིགས་དེང་རབས་ཞིང་ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོོར་ཐུབ་པར་སྐུལ་འདེད་བཏང་བ། རོང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་བཅས་བཏང་སྟེ། རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ཡོད།   །


 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།