ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ནུས་ཁུངས་གསར་བའི་རླངས་འཁོར་འཛད་སྤྱོད་ཁྲོམ་རའི་གནས་ཚུལ་ལེགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བེད་སྤྱོད་སྟེགས་བུའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་སུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ22232ཟིན་པའི་ནང་ནུས་ཁུངས་གསར་བའི་རླངས་འཁོར1911གསར་དུ་ཐོ་འགོད་བྱས་པས་དུས་མཉམ་ལས་བསྡུར་ན325.6%གིས་འཕར་ཡོད། ནུས་ཁུངས་གསར་བའི་རླངས་འཁོར་འཛད་སྤྱོད་ཁྲོམ་རའི་གནས་ཚུལ་འཕེལ་རྒྱས་བྱུང་བའི་རྣམ་པ་མངོན་ཡོད།

ནུས་ཁུངས་གསར་བའི་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཆ་སོ་སོས་གནས་བབ་དང་བསྟུན་ནས་འཛད་སྤྱོད་པས་ནུས་ཁུངས་གསར་བའི་རླངས་འཁོར་ཉོ་བའི་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་། 2023ལོར། བོད་ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་འཕར་ཚད་མདུན་གྲལ་དུ་ཡོད་པའི་གྲོང་ཁྱེར་གསུམ་ནི་ཆབ་མདོ་དང(1020%)ལྷ་ས(325.5%)། གཞིས་ཀ་རྩེ(263.6%)གྲོང་ཁྱེར་ཡིན། ད་ལོའི་ཚུན་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རྩ་འཛུགས་བྱས་ནས་སྤེལ་བའི“བདེ་སྐྱིད་བོད་ལྗོངས·འཚོ་བ་ལོངས་སྤྱོད”འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ་བས་མིག་སྔའི་བར་དུ་བསྡོམས་པས་རླངས་འཁོར4850ཁ་སྣོན་བརྒྱུད་དེ་ཐད་ཀར་དུ་རླངས་འཁོར་འཛད་སྤྱོད་སྒོར་དུང་ཕྱུར7.43སྣེ་ཁྲིད་པ་རེད།

འཛད་སྤྱོད་འབོར་ཆེན་དངོས་པོ་ཡིན་པའི་ཆ་ནས། རླངས་འཁོར་འཛད་སྤྱོད་དེ་འཛད་སྤྱོད་བརྟན་བརླིང་ངང་འཕར་བའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་། རླངས་འཁོར་རིགས་ཀྱི་ཚོང་རྫས་སིལ་འཚོང་གྲངས་འབོར་བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་རྫས་སིལ་འཚོང་སྤྱི་གྲངས་བསྡུར་ཚད8%ཡས་མས་ཟིན་ཡོད། གཞི་གྲངས་ལས་བསྡོམས་རྩིས་བྱས་པ་ལྟར་ན། 2023ལོར་བོད་ལྗོངས་ཚད་བཀག་གྲངས་བཅད་ཡན་གྱི་རླངས་འཁོར་རིགས་ཀྱི་ཚོང་རྫས་སིལ་འཚོང་གྲངས་འབོར་སྒོར་དུང་ཕྱུར66.07ཟིན་ནས་དུས་མཉམ་ལས31.1%འཕར་ཞིང་། ཚད་བཀག་གྲངས་བཅད་ཡན་གྱི་སྡེ་ཚན་ཚོང་རྫས་སིལ་འཚོང་གྲངས་འབོར་འཕར་ཚད་བརྒྱ་ཆའི་ཚེག8.7སྣེ་ཁྲིད་པ་རེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཡོངས་ཀྱི་རླངས་འཁོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་བརྒྱུད་དེ་ལག་གཉིས་བརྒྱུད་འཚོང་བྱེད་པའི་རླངས་འཁོར་ཁྲོམ་ར་དང་བེད་མེད་རླངས་འཁོར་བསྡུ་ཚད་ཀྱི་གཞི་ཁྱོན་མུ་མཐུད་དུ་ཆེ་རུ་ཕྱིན་པས་རླངས་འཁོར་འཛད་སྤྱོད་ཀྱི་མངོན་མེད་ནུས་བ་ཐོན་པར་གྱུར། 2023ལོར་ལག་གཉིས་བརྒྱུད་དེ་རླངས་འཁོར50154འཚོང་བ་དུས་མཉམ་ལས41.7%གྱིས་འཕར་ཞིང་། བེད་མེད་རླངས་འཁོར་བསྡུ་ཚད10425ཟིན་པ་དུས་མཉམ་ལས145.87%གྱིས་འཕར་ཡོད།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་ར་མ་ལག་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱང་ཀྲན་ཧེའུ་ཡིས། མ་འོངས་པར་བོད་ལྗོངས་ཀྱི་སྐུལ་སློང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་རླངས་འཁོར་རྙིང་བ་གསར་བ་བརྗེ་བའི་ཁ་གསབ་དངུལ་འདོན་སྤེལ་གང་ལེགས་ཀྱིས་ལག་གཉིས་བརྒྱུད་པའི་རླངས་འཁོར་ཁྲོམ་ར་ཤར་གཏོང་དང་རིན་ཆག་འཛད་སྤྱོད་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར། རླངས་འཁོར་འགྲེམ་སྟོན་ཚོགས་འདུ་སོགས་བསྡུས་ནས་བོད་ལྗོངས་ཡོངས་ཀྱི་རླངས་འཁོར་འཛད་སྤྱོད་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།