ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱིས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་གིས་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས8ཉིན། བོད་ལྗོངས་ཀྱིས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་པར་སྐུལ་སྤེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང9.5%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག35.1%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང8.7%འཕར་བ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར21.1%འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར138.3%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར6.5%དང9.4%འཕར་བ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་དང་འགྲོ་གྲོན་སོ་སོར31.7%དང8.3%འཕར་ཡོད་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ཡར་འཕེལ་དང་ཇེ་ལེགས་སུ་ཕྱིན་ནས་སྤུས་ཚད་དང་གྲངས་ཚད་གཉིས་འཕར་གྱི་རྣམ་པ་ལེགས་པོ་མངོན་ཡོད།

བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཝང་ཀོན་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་མཇུག་འབྲས་ལ་ལན་སློག་པ་ལྟར་ན། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཐོག་སྟོན་གྲངས2021ལོ་དང2022ལོ་སྟེ་བསྟུད་མར་ལོ་གཉིས་རིང་འཕར་ཡོད། 2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སོགས་དམིགས་ཚད6འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི6.5ལས་བརྒལ་ཡོད། ད་ལོ་ནས་བཟུང་། ལྗོངས་ཡོངས་ཀྱིས་དཔལ་འབྱོར་ཡར་འཕར་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། ཟླ1པོ་དང2བར། ལྗོངས་ཡོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཉམ་ལས264%འཕར་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དུས་མཉམ་ལས60.5%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཉམ་ལས5.8%འཕར་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་རྒྱུན་མཐུད་ཇེ་ཆུང་དུ་ཕྱིན་ཡོད་ཅིང་། 2023ལོར་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2ཙམ་ཟིན་པ་དང་། འཕར་ཚད་གྲོང་རྡལ་གྱི་བརྒྱ་ཆའི་ཚེག2.9ལས་མཐོ་བ་རེད། མི་སྡོད་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ40ལས་བརྒལ་བ་དང་། ལོ་ངོ་བཅུའི་སྔོན་དང་བསྡུར་ན་སྨི་གྲུ་བཞི་མ10ལྷག་གིས་ཇེ་མང་དུ་ཕྱིན་ཡོད། ཁྱིམ་དུད་ཁྲི7.7དུ་མི་དང་སྒོ་ཕྱུགས་ཁ་བྲལ་ལག་བསྟར་བྱས་པ་དང་། ཁྱིམ་སྤྱོད་གསང་སྤྱོད་བསྒྱུར་བཀོད་ཁྲི3.9ལ་སླེབས་ནས་ཞིང་སྡེར་ཁྱིམ་སྤྱོད་གསང་སྤྱོད་ཁྱབ་གདལ་དུ་གཏོང་ཚད75.1%ཟིན་པ། ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ཇེ་ཆུང་དུ་ཕྱིན་ནས་མངའ་རིས་དང་ནག་ཆུ་སོགས་ཀྱི་དཔལ་འབྱོར་འཕར་ཚད་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ། ལྗོངས་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད99.5%ལ་སླེབས་པ། ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་གི་གྲངས་འབོར་ལྡབ2འཕར་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ལྡབ1.3འཕར་བ། གློག་ཤུགས་སྒྲིག་སྦྱོར་གྱི་འཕྲུལ་འཁོར་ལས་གློག་འདོན་ཚད་སྟོང་ཝ་ཁྲི758ལ་ཟིན་པ་དང་དུས་མཉམ་ལས15.6%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་པའི་ཚད་སོ་སོར25%དང13.67%འཕར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་ཡོད།

“2024ལོ་ནི‘ལོ་ལྔའི་འཆར་གཞི་བཅུ་བཞི་བའི’འཆར་འགོད་ལག་བསྟར་གྱི་དམིགས་ཚད་གནད་འགག་ལོ་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་བཀོད་སྒྲིག་དོན་འཁྱོལ་དང་།‘གསར་གཏོད་བཞིར’སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོའང་ཡིན་པས། མིག་སྔར། ང་ཚོས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལྔར་དམིགས་ཏེ་ཚན་རྩལ་གྲུབ་འབྲས་ཀྱིས་བཅོས་སྒྱུར་དབང་ཆ་སྤྲོད་པར་སྐུལ་འདེད་དང་ཆིན་དབྱང་ཐོན་ལས་འཕེལ་རྒྱས་འཆར་འགོད། འཁྱགས་རོམ་སྲུང་སྐྱོབ་སྲོལ་ཡིག སྐྱིད་གྲོང་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་བསྐྲུན་པ།‘རྒན་འཁོགས་གཅིག་དང་གཞོན་པ་གཅིག’གི་ལས་གཞི་སྐུལ་འདེད་སོགས་གཙོ་གནད་ལས་འགན་རྩིས་ཐོ40ལྷག་བཏོན་ནས། མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་ལེན་པར་འགན་ལེན་ཏན་ཏིག་བྱེད་དགོས”ཞེས་ཝང་ཀོན་ཅེ་ཡིས་བཤད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།