ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཏོད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐར་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་བརྩིས་ཏེ། ལྗོངས་ཏང་ཨུའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་པའི”བཀོད་སྒྲིག་བླང་བྱ་དམ་པོར་དམིགས་ནས། གྲོང་ཁྱེར་དང་རྫོང(ཆུས་དང་གྲོང་ཁྱེར)རིམ་པ་གཉིས་ཀྱི་ནོར་སྲིད་མ་དངུལ་སྒོར་ཁྲི1000དང་སྒོར་ཁྲི2050.3མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་ལས་དོན་གྱི་དྲིལ་སྒྲོག་སློབ་གསོ་དང་གཟེངས་བསྟོད་བྱ་དགའ། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་སོགས་ཀྱི་ཐད་སྤྱོད་པར་དོན་འཁྱོལ་བྱས་པ། སྤུས་ཚད་མཐོ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་བྱ་འགུལ་སྤེལ་ཏེ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”རྒྱལ་ཁའི་ངང་སྐྲུན་པ་དང་མི་རིགས་ལས་དོན་ལ་གྲུབ་འབྲས་གསར་བ་བླངས་ཡོད།

2023ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལེགས་བཅོས་དང་ཤུགས་སྣོན་སྐོར་གྱི་དགོངས་པ་གལ་ཆེན་མི་སེམས་སུ་ཟུག་པའི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། ལོ་ཧྲིལ་བོར་བསྡོམས་པས་རིགས་ཁག་གི་དྲིལ་སྒྲོག་བྱ་འགུལ་ཁྲི1.1སྤེལ་ནས་མང་ཚོགས་མི་ཐེངས་ཁྲི100སློབ་གསོ་ཐོབ་ཡོད། དྲིལ་སྒྲོག་སྦྱར་ཡིག5600ལྷག་དང་རི་ངོས་ཀྱི་སྦྱར་ཡིག་ཆེ་གྲས16སྒྲིག་བཟོ་བྱས་པ་དང་སྨྱན་བྱད་གསར་འགྱུར2200ལྷག་སྒྲོག་སྤེལ་བྱས་པ། “ངོས་འཛིན་ལྔ”ཆེ་རུ་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ནས《ཡར་ཀླུང་བཀྲ་ཤིས་ཞོལ་པའི》ལྷ་མོའི་ཟློས་གར་སོགས་ཕུལ་བྱུང་རིག་གནས་ཤུལ་བཞག5རྒྱལ་ཡོངས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་ནང་བཅུག་པ། 《ལྷོ་ཁའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བཟང་པོ་ཕྱོགས་བསྒྲིགས》བཟོས་ནས་གར་སྟེགས་ཟློས་གར《འཕྲིན་ཡིག-ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ་བ》ཕབ་སྐྲུན་བྱས་པ་མ་ཟད། ད་དུང་རྒྱལ་ཡོངས་སུ་དྲིལ་སྒྲོག་ཁྱབ་གདལ་དུ་བཏང་བ། “བོད་ལྗོངས་ས་གནས་དང་མེས་རྒྱལ་འབྲེལ་བའི་ལོ་རྒྱུས་ཏེ——ལྷོ་ཁའི་བརྗོད་དོན་འགྲེམ་སྟོན”བསྡུས་ཏེ། ཀྲུང་ཧྭའི་རིག་གནས་དང་བོད་ལྗོངས་འདི་ཉིད་གནའ་དུས་ནས་བཟུང་མེས་རྒྱལ་གྱི་ཁ་བྲལ་མི་རུང་བའི་ཆ་ཤས་ཞིག་ཡིན་པའི་དོན་དངོས་གང་ལེགས་མངོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྐྱོད་པ་དགུའི”བྱ་འགུལ་ལག་བསྟར་བྱས་ནས་རིགས་ཁག་གི་དྲིལ་སྒྲོག་བྱ་འགུལ་ཐེངས1790སྤེལ་བ་དང་མི་ཐེངས་ཁྲི10.1ཞུགས་ཡོད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་རྨང་གཞིའི་ཤུགས་ཆེ་རུ་བཏང་བ་དང་། བྱེ་བྲག་གི་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད་གསར་གཏོད་ལས་དོན་གྱི་རྒྱུན་རྣམ་ཡུན་ཕན་ལ་སྐུལ་འདེད་བཏང་། ང་རང་ཀྲུང་ཧྭར་དགའ་ཞེས་པའི་བྱ་སྤྱོད་ལག་བསྟར་བྱས་རེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སློབ་གྲྭ་འཛུགས་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གྱི་གོ་ཏིམ་ཧྲིལ་བོར་འདྲེས་པར་བྱས་པ། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཁག་ཏུ“མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ང་ཡིས་བཤད”ཅེས་པའི་འགྲན་སྡུར་སོགས་བྱ་འགུལ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གཞོན་ནུ་ལོ་ཆུང་གི་སེམས་སུ་བཞད་པར་བྱས། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་སྐྲུན་བྱ་འགུལ་ལག་བསྟར་ཤུགས་ཆེན་བྱས་ཏེ། སྡེ་ཁུལ་གྱི“ཚོན་བདུན་དང་བླངས་ཞབས་ཞུའི”བྱ་འགུལ་ཚོང་རྟགས་བཏོད་པ་དང་། ལས་ཁུངས་ཏང་ཡོན་དང་སྡེ་ཁུལ་མང་ཚོགས་དབར་ཆ་སྒྲིག་བྱ་འགུལ་ཐེངས་ཁྲི5.4ལྷག་སྤེལ་བ། རོང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཤུགས་སྒྲིལ་བྱ་སྤྱོད་དང“མི་རིགས་མཐུན་སྒྲིལ+N”བྱ་བ་སྒྲུབ་སྟངས་ལག་བསྟར་བྱས་ཏེ། རིག་རྩལ་དང་བཅའ་ཁྲིམས། སྨན་བཅོས་གཞི་རིམ་དུ་སྤེལ་བར་སྐུལ་འདེད་བཏང་བ། མི་རིགས་མཐུན་སྒྲིལ་གསར་བརྗེ་བར་ཁྱམས་ལས་གཞི་སྒྲིག་འཛུགས་བྱས་པ། རྨང་གཞིའི་རྣམ་གྲངས40ལག་བསྟར་བྱས་ནས་མཐའ་མཚམས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ཇེ་ལེགས་སུ་བཏང་།

གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཞི་རིམ་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་། སློབ་མ། རོང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ། ལྗོངས་ཕྱིར་སློབ་སྦྱོང་དང་ལྟ་སྐོར། གསོ་སྦྱོང་། ཕྱོགས་གཉིས་ཀྱི་བརྗེ་རེས་བྱ་འགུལ་སོགས་ཀྱི་ནང་ཞུགས་པའི་མི་ཐེངས་ཁྲི1.5ལས་བརྒལ་བ། རིགས་དང་འཛིན་གྲྭ་བགོས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་བྱ་འགུལ་ཐེངས9400ལྷག་སྤེལ་བར་མི་ཐེངས་ཁྲི5.8ཞུགས་ཡོད། 2023ལོར། སྐབས་དང་པོའི་རང་སྐྱོང་ལྗོངས་ཀྱི་རོང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཏམ་བཤད་འགྲན་བསྡུར་ནང་འཐུས་མི་ཞུགས་པ་མ་ཟད། ད་དུང་བྱ་དགའ་ཨང་དང་པོ་ཐོབ་མཁན1དང་བྱ་དགའ་ཨང་གཉིས་པ་ཐོབ་མཁན2། བྱ་དགའ་ཨང་གསུམ་པ་ཐོབ་མཁན3། ཕུལ་བྱུང་རྩ་འཛུགས་བྱ་དགའ་སོགས་གཟི་བརྗིད་མཚན་སྙན་ཐོབ་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།