ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱི2024ལོའི་གཙོ་གནད་རྣམ་གྲངས་ཚང་མ་ལས་མགོ་བསྐྱར་ཚུགས་བྱུང་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གངས་ལྗོངས་མཐོ་སྒང་དུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་གང་སར་སྐྱེ་སྟབས་ཀྱི་དཔལ་འབར་བཞིན་ཡོད། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱི2024ལོའི་གཙོ་གནད་རྣམ་གྲངས་ཚང་མ་ལས་མགོ་བསྐྱར་ཚུགས་བྱུང་ནས་ལས་མགོ་བསྐྱར་ཚུགས་ཐུབ་ཚད100%ལ་སླེབས་ཡོད། ད་ལོའི་ཟླ1པོ་ནས3པའི་བར། བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱི་གཙོ་གནད་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.59བཏང་ནས་དུས་ཚིགས་དང་པོའི་མ་འཇོག་འཆར་གཞིའི་ལས་འགན་གྱི121.8%ལེགས་པར་འགྲུབ་ཡོད། གཞན་ཡང་། བོད་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་སུ་བཅུག་མེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས202ཁྲོད་མ་མཇོག་སྒོར་དུང་ཕྱུར0.52ལེགས་པར་འགྲུབ་པ། དུས་ཚིགས་དང་པོར་བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱི་རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.11བཏང་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་སྲང་ལམ་ཧྲིན་ཐོ་ལམ་གྱི་ཨང་རྟགས88པའི་མཚམས་སུ་གནས་པའི་ལྷ་སའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་བོད་ལྗོངས་ཀྱི་དགེ་ཐོན་མཐོ་རིམ་སློབ་གླིང་གཅིག་པུ་ཡིན་ལ། བསྡོམས་པས་བོད་ལྗོངས་སུ་ཤེས་ལྡན་མི་སྣ་ཁྲི7ལྷག་སྐྱེ་སྲིང་བྱས་ཡོད། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་བ་བྱམས་པ་ཚེ་རིང་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་དགེ་རྒན་ཡག་ཤོས་སུང་ཡུས་ཀང་། རྒྱལ་ཡོངས་ཀྱི་སློབ་གཙོ་གྲགས་ཅན་སོགས་ཚང་མ་སློབ་གྲྭ་འདི་ག་ནས་མཐར་ཕྱིན།

“ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་གི་རྣམ་གྲངས་ད་ལོའི་ཟླ3པའི་ཚེས11ཉིན་དངོས་སུ་ལས་མགོ་བསྐྱར་ཚུགས་བྱུང་བ་དང་། ཨར་ལས་ཕྱོགས་ཀྱིས་སྤུས་ཚད་དང་དུས་བཅད་ལས་འགན་ལེགས་འགྲུབ་ལ་འགན་ལེན་བྱེད་པ་དང་ཆབས་ཅིག འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ད་ལོའི་ཟླ9པར་དངོས་སུ་སྤྱོད་མགོ་ཚུགས་པར་བརྩོན་ལེན་བྱ་རྒྱུ་རེདལྷ་སའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་གཙོ་གཞོན་པ་བསྟན་པས་ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭ་དེའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9059.09ཡོད་ལ་བསྡོམས་པས་མ་འཇོག་སྒོར་ཁྲི4409གཏོང་རྩིས་ཡོད་ཅིང་། མིག་སྔར་ཐོག་བརྩེགས་གཉིས་པའི་གཙོ་གནད་སྒྲོམ་གཞིའི་འཛུགས་སྐྲུན་ལེགས་པར་འགྲུབ་ཡོད་པ་དང་མ་དངུལ་སྒོར་ཁྲི1453.29བཏང་ཡོད།

བསྟན་པས་ངོ་སྤྲོད་བྱས་པ་ལྟར་ན། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་གཏོང་བ་དང་སློབ་གསོའི་སྲ་མཉེན་ཆས་སྟོབས་ཤུགས་ཆེ་རུ་གཏོང་བ། སློབ་གཉེར་ཆུ་ཚད་མཐོར་འདེགས། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་རོགས་འདེགས་བྱ་ཆེད། 2023ལོའི་ཟླ8པར་ལྷ་སའི་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་དངོས་སུ་མགོ་ཚུགས་པ་རེད། གཞན་ཡང་། ད་ལོའི་ཟླ3པའི་ཚེས27ཉིན། མ་དངུལ་སྒོར་ཁྲི12123.99གཏོང་རྩིས་ཡོད་པ་དང་རྒྱ་ཁྱོན་སྨི་གྲུ་བཞི་མ22408.95བཟུང་ཡོད་པའི་སློབ་མའི་སྤྱི་གཞིས་འཛུགས་སྐྲུན་རྣམ་གྲངས་ཀྱང་དངོས་སུ་སྐྲུན་མགོ་ཚུགས་ཡོད། །


 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།