ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཟླ་གསུམ་པ་སླེབས་པ་དང་བསྟུན། བོད་ལྗོངས་ཉིང་ཁྲི་ཡིས་ཁམ་བུའི་མེ་ཏོག་གི་དུས་ཚིགས་བསུས་པ་རེད།

ད་ལོའི་དཔྱིད་དུས་ན་ནིང་དང་བསྡུར་ནས་གནམ་ཟླ་ཅུང་འཁྱགས་ཀྱང་། ཉིང་ཁྲིའི་སྐབས21པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དལ་འགྲོས་ངང་ཕེབས་ཀྱང་སྔར་བཞིན་མཛས་ཤིང་སྡུག་པས་ཡུལ་སྐོར་པ་མང་པོའི་ཡིད་སེམས་བཀུག་ཡོད།

རྒྱལ་ལམ318འགྲམ་རྒྱུད་དུ་ཆགས་པའི་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་རུ་ཁ་མདོག་དམར་སྐྱའི་ཁམ་བུ་མེ་ཏོག་རི་ཀླུང་ཀུན་ཏུ་ཁྱབ་ཅིང་། རྡོ་སྟེང་གྲོང་ཚོའི་པད་ཁ་མེ་ཏོག་དང་ནས་ཞིང་བར་དུ་ཁམ་སྡོང་སྟོང་ཕྲག་གི་མེ་ཏོག་རབ་ཏུ་བཞད་པ་དེ་ནི་རང་བྱུང་གི་རི་མོ་ཞིག་དང་མཚུངས། སྨན་གླིང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོ་རུ་ཁམ་བུའི་མེ་ཏོག་གིས་གནམ་ལྕག་འབར་བའི་གྲང་ངར་དང་འགྲན་སློང་བྱས་པས་དཔྱིད་ཀྱི་རྣམ་པས་ཁེངས་ཡོད། སྤོ་མེས་གྲོག་རོང་དུ་སྤྱི་ལེ30མུ་འབྲེལ་དུ་ཁྱབ་པའི་ཁམ་བུའི་མེ་ཏོག་ལུང་བ་སྤྲིན་དང་མཉམ་དུ་ལྷ་ཡི་ཞིང་ཁམས་སུ་གྲུབ་ཡོད།


རྡོ་སྟེང་གྲོང་ཚོའི་ཁམ་བུའི་མེ་ཏོག་དང་གངས་རི་ཕན་ཚུན་བརྒྱན་པ།

ཉིང་ཁྲི་གྲོང་ཁྱེར་ནི་ཆ་སྙོམས་ས་བབ་སྨི3100ཟིན་པའི་བོད་ལྗོངས་ཤར་ལྷོ་རྒྱུད་དུ་གནས་པས་མཁའ་དབུགས་རློན་ཞིང་དབྱང་འདུས་ཚད་ཅུང་མཐོ་བས“བོད་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་འབོད་ཀྱིན་ཡོད། གནས་དེའི་ཁམ་སྡོང་ལ་འོད་ཀྱི་ཁམ་སྡོང་དང་བོད་ལྗོངས་ཁམ་སྡོང་ཞེས་འབོད་པ་དང་། ས་བབ་དང་གནམ་ཟླའི་ཁྱད་པར་གྱིས་ཉིང་ཁྲིའི་ས་ཆ་སོ་སོའི་ཁམ་སྡོང་གི་མེ་ཏོག་བཞད་པའི་དུས་ཀྱང་མི་གཅིག་ལ། མེ་ཏོག་ཆེས་སྔ་ཞིང་རྫ་ཡུལ་དེའི་རྗེས་ཡིན། རིམ་བཞིན་སྣང་རྫོང་དང་བྲག་ཡུབ་ཆུས་ཀྱི་ཀ་ལ་གྲོང་ཚོ་དང་རྡོ་སྟེང་གྲོང་ཚོ་སོགས་ཡིན། སྨན་གླིང་ཡར་ཀླུང་གཙང་པོ་གྲོག་རོང་ཆེན་མོའི་ཕད་གྲོང་རྡལ་ཟུར་གསུམ་གྲོང་དང་དང་རྒྱལ་ར་གྲོང་ཚོ་སོགས་དང་སྤོ་མེས་རྫོང་། ཆེས་མཐའ་མཇུག་ཀོང་པོ་རྒྱ་མདའ་རྫོང་ཡིན།

རང་རྒྱལ་དུ་སྐྱེས་པའི་གནའ་བོའི་ཤིང་སྡོང་རིགས་ལ་མཚོན་ན། འོད་ཁམ་སྡོང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་ཡིན་ལ།“གཞི་རྐྱེན་དང་འཕེལ་འགྱུར་ལས་ངོས་ནས་བརྗོད་ན། དེ་ནི་གདོད་མའི་ཁམ་སྡོང་ཡིན་ལ། དེང་རབས་ཁམ་སྡོང་གི་མེས་པོ་ལྟ་བུ་ཡིན། ཐང་བདེ་རུ་རི་སྐྱེས་འོད་ཁམ་སྡོང་མེད་ལ་མི་ཡིས་འདེབས་འཛུགས་བྱས་ནས་ལོ20ཙམ་འགོར་ཡང་མེ་ཏོག་བཞད་དཀའ”ཞེས་བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་ཁང་ཞིབ་འཇུག་སའོ་ཡི་ཞིབ་འཇུག་མི་སྣ་ཙིན་ཞེའུ་ལི་ཡིས་དེ་ལྟར་བརྗོད།

“མདོ་དབུས་མཐོ་སྒང་དུ་རི་སྐྱེས་ཁྱུ་ཚོགས་ཤིན་རུ་མང་བས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྙེད་ཐུབ”ཅེས་་ཙིན་ཞེའུ་ལི་ཡིས་མཐོ་སྒང་ནི་མ་དཔེ་ཁང་ཞིག་དང་འདྲ་བར་འོད་ཁམ་སྡོང་གི་ཕུན་སུམ་ཚོགས་ཤིང་རྩ་ཆེ་བའི་སོན་རྒྱུ་ཐོན་ཁུངས་སྦས་ཡོད་ཟེར།


ཡུལ་སྐོར་པ་ཁམ་སྡོང་མེ་ཏོག་འོག་ཏུ་ཡོད་པ།

མིང་གྲགས་ཆོད་པའི་ཡར་ཀླུང་གཙང་པོ་གྲོག་རོང་ཆེན་མོ་ནི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཕད་གྲོང་དུ་གནས་ཤིང་། ཡར་ཀླུང་གཙང་འགྲམ་དུ་ཁམ་སྡོང་གཅིག་རྡོ་ལས་སྐྱེས་པས་གནས་དེ་ལ“བརྩེ་བ་རྡོ་ལས་བརྟན་པ”ཞེས་པའི་ཡུལ་ལྗོངས་ངོ་མཚར་ཅན་གྱིས་ཡུལ་སྐོར་པ་མང་པོ་བསུ་བཞིན་ཡོད།

ས་གནས་སུ་ཁམ་སྡོང་དེའི་སྐོར་གྱི་གཏམ་རྒྱུད་ཅིག་རྒྱུན་ནས་རྒྱུན་དུ་བརྗོད་བཞིན་ཡོད། ངག་རྒྱུན་ལྟར་ན། ན་གཞོན་ཞིག་གིས་གྲོག་རོང་ནང་དུ་ལྷུང་བའི་ཨ་མར་སྨན་བཅོས་བྱ་ཆེད་ཁམ་སྡོང་རྒྱལ་པོར་ཁམ་བུའི་ཤིང་ཏོག་ཅིག་བསླངས་བ་ན། རྒྱལ་པོ་དེ་བུ་དེའི་ཨ་མར་སྐྱོབ་པའི་དོན་དེའི་སེམས་འགུལ་ཐེབས་ནས་རང་གི་ན་གཞོན་བུ་མོར་ཁམ་བུའི་ཤིང་ཏོག་སྐྱེལ་དུ་བཅུག དེ་ནས་ན་གཞོན་དང་ན་ཆུང་བ་མོ་གཉིས་ཕན་ཚུན་དགའ་ཞིང་ཞན་ཆགས་པས་ཁམ་སྡོང་ལ་མྱུ་གུ་འབུས་ཤིང་རྡོ་ལས་སྐྱེས་ནས་མེ་ཏོག་རབ་ཏུ་བཞད་ཅེས་བརྗོད་བཞིན་འདུག


རྡོ་ལས་སྐྱེས་པའི་ཁམ་སྡོང་།

དེ་བས། ཡུལ་སྐོར་པ་མང་པོས་རྡོ་དེར་བསྐོར་བ་གསུམ་བརྒྱབ་ནས་བརྩེ་བ་དེ་རོལ་མྱོང་བྱེད་བཞིན་ཡོད། རྡོ་ཕ་བོང་སྟེང་གི་ཁམ་བུའི་མེ་ཏོག་ཀྱང་དགའ་བས་འཛུམ་གྱིས་རང་གི་དགའ་རོགས་ལ་སྒུག་པ་དང་མཚུངས།

གྲོང་མི་དབྱང་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡུབ་ཆུས་ཀྱི་མི་ཡིན་ཞིང་། ལོ20རིང་ལ་ལོ་རེའི་དཔྱིད་དུས་སུ་ས་ཆ་སོ་སོར་སོང་ནས་ཁམ་བུའི་མེ་ཏོག་ལ་ལྟ་བཞིན་ཡོད། ཁོས“སྔོན་ཆད་ཀྱི་ཁམ་སྡོང་མེ་ཏོག་མདོག་དཀར་པོ་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ལ་ཁ་མདོག་དམར་སྐྱ་རུ་གྱུར་ནས་མེ་ཏོག་གསར་བཞད་ཡིན་པས་སྔར་ལས་མཛེས་པ་རེད”ཟེར།

ངོ་སྤྲོད་ལྟར་ན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲིའི་གནས་གཏན་ཁེལ་གྱི་འོད་ཁམ་སྡོང་དམར་སྐྱ་མཐོ་སྒང་ནས་འདེབས་འཛུགས་བྱས།

མཐོ་སྒང་གི་ཁམ་བུའི་མེ་ཏོག

གངས་དཀར་པོ་དང་ཁམ་བུའི་མེ་ཏོག ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཅས་ཀྱི་དྲི་ཞིམ་རི་ཀླུང་ཀུན་ཏུ་འཐུལ་ནས་ཞིང་ཁར་ཁྱབ་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།