ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ65ཡི་རིང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བོད་ལྗོངས་སུ་རྣམ་པར་བཞད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན། “བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར”བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པའི་མུ་འབྲེལ་བརྗོད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས“བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་བླངས་བའི་གྲུབ་འབྲས”ཞེས་པའི་ཆེད་དོན་ཁྱབ་བསྒྲགས་བྱས།

 

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།

གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་ནི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པའི་ལོ་ཡིན། 1959ལོར་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་བ་ནས་མེད་པར་བཟོས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་བོད་ལྗོངས་གསར་བའི་བདག་པོར་གྱུར། ཏང་གི་མི་རིགས་སྲིད་ཇུས་བོད་ལྗོངས་སུ་ལག་ལེན་དོན་འཁྱོལ་བྱུང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལེགས་བཅོས་དང་ཤུགས་སྣོན་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་ཀྱི་བགྲོད་ལམ་ཡང་དག་ཏུ་སྐྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩི་བ། མི་རིགས་མཐུན་སྒྲིལ་བྱ་གཞག་ཡུན་རིང་གི་རང་བཞིན་དང་རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཏེ་ཡུན་རིང་དམ་འཛིན་ལྷོད་མེད་བྱས་པ། སྟེང་གི་བཀོད་པའི་ཇུས་འགོད་ལ་ཤུགས་སྣོན་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་། ཐེག་བྱེད་ལས་སྟེགས་ཕུན་སུམ་ཚོགས་པ། བྱེད་ཐབས་བྱེད་སྟངས་གསར་གཏོད་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་བཏོད་པའི་བྱ་བར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་ལས་དོན་གྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་བརྗེེ་རེས། མཉམ་འདྲེས་ལ་སྐུལ་འདེད་དང་། ཀྲུང་ཧྭའི་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བརྟན་པོ་བཙུགས་པ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ། མི་རིགས་ཁྱབ་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་གལ་ཆེན་མཐའ་གཅིག་ཏུ་དོགས་ཟོན་དང་ཁྱད་བསལ་བྱས་པ། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་ལས་བརྟན་པོ་ཡིན་པ། བདེ་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་གནས། ལས་དབང་མཉམ་མྱོང་གི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་ཡོང་བ། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེའི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་བྱེད་ཚད་མུ་མཐུད་ཆེ་རུ་ཕྱིན་པ། མི་རིགས་སོ་སོའི་སྙིང་སྟོབས་ལ་ཕན་ཚུན་བརྟེན་རེས་དང་མི་སེམས་གཅིག་སྒྲིལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང“མཛེས་སྡུག་ལྡནག་པའི་བོད་ལྗོངས་བསྐྲུན་ནས་རླབས་ཆེའི་བསྐྱར་དར་ཕུགས་འདུན་མཉམ་དུ་མངོན་འགྱུར”གྱི་སྟོབས་ཤུགས་སྔར་གོང་བུར་འགྲིལ་ཡོད།


པར་འདི་ནི་བོད་ལྗོངས་ཀྱི་མི་རིགས་དང་ལས་རིགས་སོ་སོའི་འཐུས་མི་མཉམ་དུ་འཛོམས་ནས་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པའི་རྣམ་པ་རེད།

གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་ཏང་གི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་བོད་སྐྱོང་བཅས་ཟུང་འབྲེལ་ལ་སྐུལ་འདེད་བཏང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན། ཆབ་སྲིད་གྲོས་མོལ་ཚོགས་འདུ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སོགས་ནུས་ལྡན་སྒོས་ལག་བསྟར་བྱས་ནས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་འདྲ་མཉམ་སྒོས་རྒྱལ་ཁབ་ཀྱི་ལས་དོན་དང་ས་གནས་ལས་དོན་དོ་དམ་ནང་ཞུགས་ཡོད། མིག་སྔར། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད89.2%བཟུང་ཡོད་པ་དང་། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་ཁྲོད85.5%ཟིན་ནས་མི་རིགས་སོ་སོའི་མི་དམངས་ཀྱིས་ཁྲིམས་ལྟར་རང་ཁྱིམ་རང་བདག་དང་སྲིད་ཞུགས་སྲིད་གླེང་ཁྲོད་ཀྱི་དབང་ཆར་འགན་སྲུང་གང་ལེགས་བྱས་ཡོད།


པར་འདི་ནི་བོད་ལྗོངས་ཀྱི་མི་རིགས་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱེད་པའི་རྣམ་པ་རེད།

ལོ་ངོ65ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་མཛུབ་སྟོན། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་བཅས་ཀྱི་འོག བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མཐུན་སྒྲིལ་སྒོས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་གནད་འགག་གཏོར་དང་སེམས་ཤུགས་གཅིག་སྒྲིལ་གྱིས་བརྟན་བརླིང་འགན་སྲུང་དང་། བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་བ་བཏོད་ཡོད། དེང་སྐབས་བོད་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་བདེ་ཐང་ཆུ་ཚད་མངོན་གསལ་ཇེ་མཐོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ། དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཡོད། དེང་སྐབས་ཀྱི་བོད་ལྗོངས་སུ་ཆབ་སྲིད་ལྷིང་འཇགས་དང་སྤྱི་ཚོགས་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་འགྲིག སྐྱེ་ཁམས་ལེགས་པ། མཐའ་མཚམས་བརྟན་སྲུང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གངས་ལྗོངས་མཐོ་སྒང་དུ་སྔར་བས་མི་སེམས་སུ་ཟུག་པར་བྱས་ནས་སྔར་བས་སྟོབས་ལྡན་གྱི་ཚེ་སྲོག་གི་སྟོབས་ཤུགས་ཞིག་མངོན་ཡོད།


པར་འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི2024ལོའི་དཔྱིད་འདེབས་མཛད་སྒོའི་ཐོག་ས་གནས་མང་ཚོགས་དང་ཡུལ་སྐོར་བས་མཉམ་དུ་སྐོར་བྲོ་འཁྲབ་པའི་རྣམ་པ་རེད།

གསར་འགྱུར་མགྲིན་ཚབ་པས་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པའི་འཕེལ་རྒྱས་འགྱུར་ལྡོག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་སྒོས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་དང་བདེ་སྐྱིད་འཚོལ་ཞིབ་བྱས་པའི་དོན་ཇི་མ་ཇི་བཞིན་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་འབོར་ཆེན་བླངས་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཡང་ཡིན། ཏང་གི་མི་རིགས་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་ཀྱི་བགྲོད་ལམ་ཡང་རྦད་དེ་ཡང་དག་པ་ཡིན་པ་ལག་ལེན་གྱིས་བདེན་དཔང་བྱས་ཡོད་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མི་རིགས་ལས་དོན་ལེགས་བཅོས་དང་ཤུགས་སྣོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་བ་རྩོམ་དགོས་པ་བསྟན་ཡོད།

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།