ཀྲུང་གོ་བོད་ཀྱི་དྲ་བ།

【བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་འཁོར65ལོན་པར་རྗེས་དྲན】བདེ་སྐྱིད་ཀྱི་རི་མོ་གསར་བ་བྲིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།


མི་རབས་བཞིའི་ཁྱིམ་མི་མཉམ་དུ་འཛོམས་ནས་པར་ལེན་པ།

སྨན་བསྟེན་ལ་འགན་སྲུང་ཡོད་པ།


ཚེ་མཇུག་གི་བདེ་ཞིང་སྐྱིད་པའི་འཚོ་བ།


དཔེ་ཀློག་གི་ཉིན་མོ་མཉམ་རོལ།


སྤུས་ལེགས་སློབ་གསོ་ལོངས་སུ་སྤྱོད་པ།


སྡོད་ཁང་གསར་བར་གནས་སྤར་བ། 


ལོ་ལེགས་བྱུང་བའི་སྤྲོ་བ།


ལུས་རྩལ་མཁན་གྱིས་འགྲན་རར་ཕུགས་བསམ་མངོན་འགྱུར་བྱུང་བ།

《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་རོལ་དབྱངས་གྲགས་པ་དང་བསྟུན་ནས་བསོད་ནམས་ཆོས་གྲགས་ཀྱིས་ཞབས་བྲོ་འཁྲབ་མཁན་གཞན་དག་ཚོ་དང་མཉམ་དུ་ལྡེམ་མྱུར་དོད་པའི་གར་གྱི་སྟངས་སྟབས་ལ་བརྟེན་ནས་དེང་རབས་བོད་ལྗོངས་ཀྱི་རྒན་རྒོན་ཚོའི་ཉམས་འགྱུར་མངོན་ཡོད།

ལོ་ངོ65ཡར་སྔོན་དུ་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་ནས། བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེན་དང་གཏིང་ཟབ་ཀྱི་སྤྱི་ཚོགས་བཅོས་བསྒྱུར་བྱེད་མགོ་ཚུགས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ནས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་ཐུབ་ནས་བོད་ལྗོངས་ཀྱི་ས་གཞི་ཀུན་ཏུ་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་བྱུང་།

དཔལ་འབྱོར་འཕེལ་རྒྱས་ཐད། ལོ་རྒྱུས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ།

1959ལོར། བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1.74ཙམ་ཡིན་མོད། འོན་ཀྱང2023ལོར་སྒོར་དུང་ཕྱུར2392.7ལ་སླེབས་ཡོད། 

ཞིང་ལས་ནི་རྒྱལ་ཁབ་སྐྱོང་བའི་གཞི་འཛིན་ས་ཡིན། ལོ་མང་རིང་། ཀྲུང་དབྱང་གིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཐོན་སྐྱེད་བདག་གཉེར་གྱི་རང་བདག་དབང་ཆ་གཤམ་ལ་སྤྲད་པ་དང་། ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བ། མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བ། ཚན་རྩལ་འཕེལ་རྒྱས་དང་དེ་བཞིན་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཐད་ཕྱོགས་ཡོངས་ནས་རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། རོང་འབྲོག་པའི་ཐོན་སྐྱེད་ཀྱི་ཧུར་ཐག་རང་བཞིན་ཇེ་མཐོར་ཕྱིན་པ། ལྗོངས་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་བསྟུད་མར་ལོ9རིང་ཏུན་ཁྲི100ཡན་དུ་རྒྱུན་འཁྱོངས་ཐུབ་པ་དང་། 2023ལོར་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་དང་ནགས་ལས། ཉ་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར220.21ཟིན་ཡོད།

དམངས་གཙོའི་བཅོས་སྒྱུར་གྱི་གོང་དུ་བོད་ལྗོངས་སུ་ཕལ་ཆེར་བཟོ་ལས་མེད། ལོ་ངོ65རིང་། རྒྱལ་ཁབ་ཀྱི་རོགས་སྐྱོར་ཤུགས་ཆེན་འོག བོད་ལྗོངས་བཟོ་ལས་ཐད་ནུས་ཁོངས་གཙང་མ་དང་བཟོ་སྐྲུན་རྒྱུ་ཆ། བོད་ལུགས་གསོ་རིག་དང་བོད་སྨན། རང་བྱུང་བཏུང་ཆུ་སོགས་གཙོར་བྱས་པའི་ཁྱད་ལྡན་བཟོ་ལས་ཐོན་ལས་མ་ལག་སྐྲུན་ནས། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་རྐྱང་བཟོ་ལས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་རིམ་བཞིན་སྐྱོད་ཡོད། 2023ལོར། བོད་ལྗོངས་ཀྱི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར882.97ལ་སླེབས་ནས7.7%འཕར་ཡོད།

ཡུལ་སྐོར་ལས་རིགས་ནི་བོད་ལྗོངས་ཀྱི་ཐོན་ལས་གསུམ་པ་སྟེ་ཞབས་ཞུའི་ལས་རིགས་ཀྱི་སྣེ་འདྲེན་ཡིན་ལ། ལོ་མང་རིང་འབད་པ་བྱས་པ་བརྒྱུད་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ལེགས་ཆར་གྱུར་ཡོད།  བསྡོམས་རྩིས་བྱས་པ་ལྟར་ན། 2023ལོར་ལྗོངས་ཡོངས་ཀྱིས་ལོ་ཧྲིལ་བོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི5516.97སྣེ་ལེན་བྱས་ནས་ལོ་གོང་མ་ལས83.7%འཕར་ཡོད་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར651.46མངོན་འགྱུར་བྱུང་ནས་མང་ཚོགས་སྔར་ལས་མང་པོས་ཡུལ་སྐོར་གྱི་ཡོང་འབབ་བསགས་ཡོད།

སྤྱི་ཚོགས་འཕོ་འགྱུར་ཐད། འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་བ་ཐོན་པ།

ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པའི་རང་བྱུང་ཁོར་ཡུག་གིས་ས་གནས་དེ་གར་མཐོ་སྒང་རང་བཞིན་གྱི་གྲུམ་བུའི་ནད་སོགས་ཡུལ་ནད་ཕོག་སླ་བར་གྱུར་ཡོད། ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ་ལག་བསྟར་བྱས་པ་ནི་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་འཕེལ་རྒྱལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་པའི་འཐབ་ཇུས་དང་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཁང་བ་མེད་པ་ནས་རྩྭ་སྤྱིལ་དང་། དམའ་ཞིང་ཆུང་བའི་ཕྱུགས་ར། ས་ཕག་གི་ཁང་བ། དེ་ནས་ཁོད་ཡངས་ཤིང་རྒྱ་ཆེ་བའི་སོ་ཕག་གི་ཁང་བ། ད་ལྟའི་མཛེས་ཤིང་འཚོ་སྡོད་ལ་འཚམ་པའི་བོད་ལུགས་ཐོག་ཁང་བཅས་དུས་སྐབས་རེ་རེའི་སྡོད་ཁང་གི་འཕོ་འགྱུར་ལས་བོད་ལྗོངས་འཕེལ་རྒྱས་ཀྱི་གོམ་པ་ཚང་མ་བདེ་སྐྱིད་ཀྱི་འཚོ་བའི་མགོ་འཛུགས་ས་ཡིན་པ་མཚོན་ཡོད།

མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དེ་ནི་མཐོ་སྒང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་ཙམ་ཡིན། ལོ་ངོ65རིང་། བོད་ལྗོངས་འགྲིམ་འགྲུམ་དང་ནུས་ཁུངས། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ་དེས་གངས་ལྗོངས་མཐོ་སྒང་དང་ལྗོངས་ཕྱི་ཐ་ན་འཛམ་གླིང་བར་གྱི་བར་སྟོངས་བར་ཐག་ཇེ་ཉེར་བཏང་བ་མ་ཟད། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་དང་མགྱོགས་མྱུར། བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

འབྱུང་འགྱུར་གྱི་ཕུགས་འདུན་ཐད། འཚོ་བ་ཇེ་ལེགས་ནས་ཇེ་རྒྱས་འབྱུང་ངེས།

བོད་ལྗོངས་རྙིང་བར་སློབ་གསོ་མྱངས་བ་ནི་སྐུ་དྲག་གི་བུ་སྤུན་གྱི་དམིསག་བསལ་དབང་ཆ་ཡིན། དེང་སྐབས། བོད་ལྗོངས་ཀྱིས་སློབ་སྔོན་སློབ་གསོ་དང་རྨང་གཞིའ་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིསག་བསལ་སློབ་གསོ་བཅས་འདུས་པའི་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་སྐྲུན་ཡོད་ལ། རྒྱལ་ཡོངས་ཀྱི་སྔོན་དུ་བུ་བཅོལ་ཁང་དང་སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་བཅས་ལོ15ཡིགཞུང་གྲོན་སློབ་གསོའི་མ་ལག་ཐོག་མར་བཙུགས་པ། སློབ་གྲྭར་དྲོད་རླངས་མཁོ་འདོན་ཡོངས་སུ་ཁྱབ་པ།

བོད་ལྗོངས་རྙིང་བར་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་ནད་ཕོག་པའི་ཚེ་སྨན་བཅོས་བྱེད་མི་ཐུབ་པས་མི་རེའི་ཆ་སྙོམས་ཚེ་ཚད་ལོ35.5ལས་མེད་པ། དེང་སྐབས། བོད་ལྗོངས་ཀྱི་མི་འབོར་ཁྲི360ལ་སླེབས་པ་དང་། ལྷ་ས་ལྟེ་བ་ཡིན་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་དུ་བོད་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་ཕན་ཚུན་ཟུང་འབྲེལ་གྱི་སྤྱི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གང་སར་ཁྱབ་ཡོད་པས། གཞི་རྩའི་ཆ་ནས“ནད་རིགས་ཆུང་ངུ་རྫོང་མཁར་དུ་སྨན་བཅོས་ཐུབ་པ་དང་། ནད་རིགས་འབྲིང་གྲས་ས་ཁུལ་དང་གྲོང་ཁྱེར་དུ་སྨན་བཅོས་ཐུབ་པ། ནད་རིགས་ཚབས་ཆེན་རང་སྐྱོང་ལྗོངས་སུ་སྨན་བཅོས་ཐུབ་པ”མངོན་འགྱུར་བྱུང་ཡོད་ལ། མི་རེའི་ཆ་སྙོམས་ཚེ་ཚད་ལོ72.19བར་ཇེ་མཐོར་ཕྱིན་ཡོད།

ལོ་འདི་གའི་རིང་། བོད་ལྗོངས་ཀྱི་དམངས་འཚོའི་དོན་དངོས་རེ་རེས་མཐོ་སྒང་མང་ཚོགས་ཀྱི་གདོང་དུ་འཛུམ་གྱིས་ཁེངས་པར་བྱས་ཡོད། 2023ལོར། བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར137བཀོད་སྒྲིག་བྱས་ནས་དམངས་འཚོའི་དོན་དངོས21ལག་བསྟར་བྱས།

རྐང་འཛུགས་ས་གསར་བས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་མགོ་རྩོམ་དགོས་ལ། མཐོ་ཚད་གསར་བས་མཆོང་སྐྱོད་གསར་བ་འཆར་འགོད་བྱེད་དགོས། དེང་སྐབས། མཐོ་སྒང་གི་བུ་དང་བུ་མོས་ཏང་གི་ཉི་འོད་དང་ཆར་ཟིལ་གྱི་འོག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་གཏོད་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།