ཀྲུང་གོ་བོད་ཀྱི་དྲ་བ།

2016ལོ་ནས2023ལོའི་བར་བོད་ལྗོངས་ཀྱིས་ལོ་རེར་ཆ་སྙོམས་རོང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི50ལྷག་མཁོ་འདོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཚེ་རིང་རྒྱ་མཚོ་ཡིས་ཚེས27ཉིན་བསྡུས་པའི་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་འཁོར65ལོན་པར་རྗེས་དྲན་གྱི་བརྗོད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་སྐྱེ་ཁམས་དམངས་ཕྱུག་དམངས་ཕན་གྱི་ཕན་འབྲས་རྒྱུན་མཐུད་འདོན་སྤེལ་བྱས་ཏེ། 2016ལོ་ནས2023ལོའི་བར་ལྗོངས་ཡོངས་ཀྱིས་ལོ་རེར་ཆ་སྙོམས་རོང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི50ལྷག་མཁོ་འདོན་བྱས་པ་དང་། རོང་འབྲོག་མང་ཚོགས་ཁྲི226.22ཡིས་རྩྭ་སའི་ཁ་གསབ་སྲིད་ཇུས་ལོངས་སྤྱོད་ཐུབ་ནས་རྒྱ་ཆེའི་རོ་སྔོ་ཆུ་དྭངས་སྲུང་སྐྱོབ་མཁན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་བསགས་ཡོད།

པར་འདི་ནི2023ལོའི་ཟླ9པར་ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱས་པའི་རྣམ་པ་རེད།

ཚེ་རིང་རྒྱ་མཚོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་ལག་བསྟར་ཤུགས་ཆེན་བྱས། ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིའི་བཟོ་སྐྲུན་ནགས་མུའུ་ཁྲི30ལྷག་ཟིན་ནས། ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་པའི་ཚད12.31%བར་ཇེ་མཐོར་ཕྱིན་པ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་པའི་ཚད48.02%ལ་སླེབས་ཡོད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ11དང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང9། རྒྱལ་ཁབ་བརླན་སའི་སྤྱི་གླིང22བཅས་སྐྲུན་ཡོད་ལ། རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་གྱི36%ཟིན་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཙོད་ཀྱི་ཁྱུ་ཚོགས་གྲངས་འབོར་ཁྲི30ལས་བརྒལ་བ་དང་ཁྲུང་ཁྲུང་སྐེ་ནག་ཁྲི1ལྷག་བར་ཇེ་མང་དུ་ཕྱིན་ཡོད་པ། སྔོན་ཆད་རྩ་གཏོར་བྱུང་ལ་ཉེ་བའི་བོད་ལྗོངས་ཀྱི་ཤྭ་བ་གསེར་ཆེན་གྱི་གྲངས་འབོར་ཡང་མགོ་གྲངས800ལས་བརྒལ་ཡོད།


པར་འདི་ནི་བོད་ལྗོངས་ནག་ཆུའི་རྩྭ་ཐང་དུ་ཟས་འཚོལ་བའི་གཙོད་ཀྱི་རྣམ་པ་རེད།

ཁོང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཚང་མ་ལེགས་པ་རྒྱུན་འཁྱོངས་ཐུབ་པ་དང་། ལྗོངས་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བསྟུད་མར99%ཡན་དུ་སླེབས་པ། ཆུ་བོ་དང་གཙང་བོ། མཚེའུ་གལ་ཆེན་གྱི་ཆུའི་སྤུས་ཚད་ཚད་གཞིར་ལོན་པའམ་ཡང་ནⅢཆུ་ཁོངས་ཚད་གཞི་ལས་ལེགས་པ། ཆུ་ཁུངས་ཀྱི་ཆུའི་སྤུས་ཚད100%ལ་སླེབས་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་པས། བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ལེགས་ཤོས་ཀྱི་ས་ཁུལ་གཅིག་གྲས་ཡིན་ཞེས་བཤད། 


པར་འདི་ནི་བོད་ལྗོངས་གནམ་མཚོའི་བྱང་ངོགས་ཀྱི་ཡུལ་ལྗོངས་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ངོ་སྤྲོད་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི50%ཡན་གྱི་རྒྱལ་ཁོངས་རྒྱ་ཁྱོན་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་ཁོངས་སུ་བཅུག་ཡོད་ལ། ཐིག་གསུམ་དང་རྩིས་ཐོ་གཅིག”གི་སྔོན་དུ་སྲུང་སྐྱོབ་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི90%ཡན་བཟུང་ཡོད་པ། “མཐོ་བ་གཉིས”ཀྱི་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་མི་བྱེད་པ་དང་ནང་འདྲེན་མི་བྱེད་པ་རྒྱུན་འཁྱོངས། ནུས་ཁོངས་གཙང་མ་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ལས་སྟོང་ཝ་ཁྲི1371འདོན་པ། འགྱུར་རྡོའི་ནུས་ཁོངས་འཛད་སྤྱོད་མིན་པའི་བསྡུར་ཚད40.5%ཟིན་པ། སྐྱེ་ཁམས་མ་ལག་གི་ལོའི་ཐཱན་འདུས་ཛད་དབྱང་གཉིས་ཐཱན་རྫས་ཏུན་ཁྲི4700ལ་སླེབས་ཡོད།

གཞན་ཡང་། བོད་ལྗོངས་ཀྱིས་ད་དུང་མཐོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་བཏོད་པའི་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་ཡིག30ལྷག་ཁྱབ་བསྒྲགས་ལག་བསྟར་བྱས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།