ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་བབ་མཐོ་བའི་འབྲོག་ཁུལ་གྱི་ནོར་གནག་གིས་ལོ་རེར་མངལ་གཅིག་བཙའ་བའི་གནད་འགག་ལག་རྩལ་འགག་སྒྲོལ་བྱས་པ་དང་། རྩྭ་ལས་ལག་རྩལ་གྱི་འགག་སྒྲོལ་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་པ། ནས་ཀྱི་སོན་བཟང་ཁྱབ་ཚད92.1%ལ་སླེབས་པ། རྨོ་འདེབས་དང་བརྔ་བསྡུ་སོགས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཚད69.8%བར་ཇེ་མཐོར་ཕྱིན་པ། ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་དང་བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཁོར་སྐྱོད། དེ་བཞིན་དེང་རབས་ཞབས་ཞུའི་ལས་རིགས་སྤུས་འདེགས་ཕན་སྐྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་གྱི་སྐུལ་འདེད་འོག 2023ལོར། བོད་ལྗོངས་ཀྱིས་དཔལ་འབྱོར་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།

ལོ་ཧྲིལ་བོའི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར2392.67ཟིན་ནས་དུས་མཉམ་ལས9.5%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མངོན་གསལ་འཕར་སྣོན་འདིས་བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་ལ། ཚན་རྩལ་གསར་གཏོད་ཀྱིས་གངས་ལྗོངས་མཐོ་སྒང་གི་ལྗང་མདོག་རྒྱུན་བསྲིང་འཕེལ་རྒྱས་ཀྱིབོད་ལྗོངས་ལག་ལེནབཏོད་པར་སྐུལ་འདེད་བཏང་བ་མངོན་ཡོད།

ཚན་རྩལ་རྣམ་གྲངས་ཀྱིས་ཐོན་ལས་སྤུས་འདེགས་ནུས་སྤེལ་ལ་རོགས་འདེགས་བྱས་པ།

ཟླ3པའི་ཚེས11ཉིན། ལྷ་རྩེ་རྫོང་ཞིང་ལས་དཔེ་སྟོན་གླིང་དུ་བོད་རང་སྐྱོང་ལྗོངས་ཀྱི་ཆེད་དམིགས་གཙོ་གནད་རྣམ་གྲངས་ཏེ“སིལ་ཏོག་གི་སྤུས་འདེགས་ཕན་སྐྱེད་ཀྱི་ལག་རྩལ་གཅིག་བསྡུས་དང་དཔེ་སྟོན”གྱི་འགན་འཁུར་བ་དང་བོད་ལྗོངས་རོང་འབྲོག་ཚན་རིག་ཁང་སྔོ་ཚལ་སའོ་ཡི་ཞིབ་འཇུག་པ་གཞོན་པ་ལི་ཡན་ཧྥུན་གྱིས་དཔུང་སྡེའི་སྣེ་ཁྲིད་དེ་ཞིང་ཁར་སོང་ནས། ཚན་རྩལ་གསར་གཏོད་ཀྱིས་གླིང་ཁུལ་གྱི་སིལ་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་རོགས་འདེགས་བྱས་ཡོད།

“ས་བོན་གསར་བ་འདེམ་གསོ་དང་སོན་བཟང་ཁྱབ་གདལ་བྱ་རྒྱུ་དེ་ཞིང་ལས་ཐོན་རྫས་སྤུས་ཚད་དང་བྱང་ཚད་མཐོར་འདེགས་སུ་གཏོང་བའི་གནད་འགག་ཏུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས2022ལོར་གཙོ་གནད་ཞིབ་སྤེལ་རྣམ་གྲངས་ལག་བསྟར་བྱས་ཤིང་། གྲོ་དང་པད་ཁ། སྔོ་ཚལ། སིལ་ཏོག་སོགས་ཞིང་ལས་ལོ་ཏོག་གི་ས་བོན་གསར་བ་འདེམ་གསོར་དམིགས་ནས་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། རོང་འབྲོག་པའི་འབབ་འཕར་ཐོན་སྤེལ་དང་ཞིང་ལས་ཕན་སྐྱེད་ཐད་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད”ཅེས་ལི་ཡན་ཧྥུན་གྱིས་གསར་འགོད་པར་བཤད།

ནུས་ཁུངས་གཙང་མའི་ཁྱབ་ཁོངས་སུ་ཚན་རྩལ་ཡར་ཐོན་དེ་མཚུངས་མངོན་གསལ་ཡིན། བོད་ལྗོངས་ཀྱི་སྐྲུན་བཞིན་པའི་འོད་ནུས་རྣམ་གྲངས་ཆེ་ཤོས་ཡིན་པའི་ཆ་ནས་ཧྭ་ནིང་འོད་ནུས་གློག་འདོན་ས་ཚིགས་ཀྱི་དུས་ཐེངས་དང་པོའི་ལས་གཞི་ཟླ2པའི་ཚེས26ཉིན་དངོས་སུ་ལས་མགོ་ཚུགས་པ། རྣམ་གྲངས་སྐྲུན་རྗེས། ལོའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར3.7ལ་སླེབས་ནས་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྒྱུན་མཐུད་རྟེན་གཞི་དང་དཔེ་སྟོན་ཁུལ་བསྐྲུན་པར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད། གཞི་གྲངས་བསྡོམས་རྩིས་ལས་མངོན་པ་ལྟར་ན། 2023ལོར་བོད་ལྗོངས་ཕྱིར་འདོན་གློག་ཤུགས་ཆུ་ཚད་རེར་སྟོང་ཝ་དུང་ཕྱུར25.7ཟིན་ནས་ནུས་ཁུངས་གཙང་མའི་བསྡུར་ཚད90%ལས་བརྒལ་བ་དང་གཞི་རྩའི་ཆ་ནས་ནུས་ཁུངས་གཙང་མའི་གློག་འདོན་མངོན་འགྱུར་བྱུང་ཡོད།

བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པའམ་གྲུབ་འབྲས་ཕྱོགས་སྒྱུར་དང་ས་ཁོངས་གསར་གཏོད་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཅཱ་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ནུས་ཁུངས་གཙང་མ་ཕྱོགས་བསྡུས་བེད་སྤྱོད་ནས་ཞིང་ལས་ཚན་རྩལ་ཁྱབ་གདལ་བར་གྱི་གྲུང་འབྲས་རེ་རེས་གངས་ལྗོངས་མཐོ་སྒང་དུ་གསོན་ཤུགས་གསར་བ་བསྣན་ཡོད། ཚན་རྩལ་མུ་མཐུད་ཡར་ཐོན་བྱུང་བ་དང་བསྟུན་ནས་བོད་ལྗོངས་འདི་ཉིད་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལེགས་ཆ་དང་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ལྗང་མདོག་དང་རྒྱུན་བསྲིང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་རིམ་བཞིན་སྐྱོད་ཡོད། 

གསར་གཏོད་ནི་འཕེལ་རྒྱས་ཀྱི་གནད་འགག་གི་སྒུལ་ཤུགས་སུ་གྱུར་བ།

བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧུར་ཐག་སྐུལ་འདེད་འོག མཐོ་སྒང་གི་ཆེད་སྤྱོད་གཡོས་སྦྱོར་ཡོ་བྱད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་མགྱོགས་མྱུར་སྤེལ་མགོ་ཚུགས་པ་དང་། ཞིབ་འཇུག་གསར་སྤེལ་གྲུབ་འབྲས་ལོ་གཅིག་གི་དུས་ཚོད་ནང་རྒྱལ་ཁའི་ངང་ཐོན་སྐྱེད་བྱས་པ་མ་ཟད། ལྗོངས་ཡོངས་སུ་ཁྱབ་གདལ་དུ་བཏང་། ཚན་རྩལ་གསར་གཏོད་གྲུབ་འབྲས་མགྱོགས་མྱུར་བསྒྱུར་ན་མཐོ་སྒང་མང་ཚོགས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་བྱས་པ་མཟད། ས་གནས་ཐོན་ལས་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན་ཡོད།

དེ་དང་ཆབས་ཅིག བཟོ་ལས་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་ཐད་ཀྱང་གྲུབ་འབྲས་མངོན་གསལ་བླངས་ཡོད། བོད་ལྗོངས་ཀྱི་མཐོ་གཙང་བཟོ་སྐྲུན་རྒྱུ་ཆའི་མ་རྐང་ཚད་ཡོད་ཀུང་སིར་དཔེར་བཞག་ན། ཁེ་ལས་འདི་ལོ་ངོ60ལྷག་རིང་འཕེལ་རྒྱས་བྱུང་བ་བརྒྱུད། ཨར་འདམ་དང་སེག་མ། ཨར་འདམ་གྱི་བྱེ་རྡོ། ཚོང་ལས་ཨར་འདམ་སོགས་སྣ་མང་ཅན་གྱི་ལས་སྒོ་གཞི་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་བཟོ་སྐྲུན་རྒྱུ་ཆའི་ཁེ་ལས་སུ་སྒྱུར་ཡོད། ཚན་རྩལ་གསར་གཏོད་ཀྱི་སྐུལ་འདེད་འོག ཁེ་ལས་ཀྱི་གྲུབ་འབྲས་མགྱོགས་མྱུར་སྒོས་འཕར་བ་མ་ཟད། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ཆེན་པོར་སྤུས་ཚད་མཐོ་བའི་ཨར་འདམ་མཁོ་འདོན་བྱས་ཡོད།

“བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་ཡོད”ཅེས་བོད་ལྗོངས་ཀྱི་མཐོ་གཙང་བཟོ་སྐྲུན་རྒྱུ་ཆའི་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་བསྟན་འཛིན་དོན་འགྲུབ་ཀྱིས་བཤད། བོད་ལྗོངས་ཀྱི་ཁེ་ལས་སྔར་ལས་མང་བོས་ཐོན་སྐྱེད་ལག་རྩལ་དང་ཤེས་ལྡན་མི་སྣ་སྐྱེ་སྲིང་གསར་གཏོད་ལ་མཐོང་ཆེན་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད།

“དེང་སྐབས། ཚན་རྩལ་གསར་གཏོད་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཡོད། དམངས་འཚོའི་གནད་དོན་ཐག་གཅོད་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བར་ཚན་རྩལ་གསར་གཏོད་དེ་ཐོན་སྐྱེད་ནུས་ཤུགས་གསར་བ་གོང་འཕེལ་དུ་ཕྱིན་པའི་འགག་རྩའི་སྒུལ་ཤུགས་སུ་གྱུར་དང་འགྱུར་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་དབྱང་ཁའེ་ཡུང་གིས་བཤད།

མཐོ་སྒང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཐད་འགུལ་ནུས་གསར་བ་བསྣན་པ།

གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་བྱུང་བ་ལྟར་ན། ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་ཟླ3པའི་ཚེས31ཉིན་སྤེལ་མགོ་རྩོམ་རྒྱུ་ཡིན་ལ། ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས་བདུན་དུ་ཡན་ལག་ཚོགས་ར་འཛུགས་རྩིས་ཡོད། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཏོན་ཀང་ཧུའེ་ཡིས་ཉིང་ཁྲིས་ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་འགྲེམ་གཏོང་བྱ་རྒྱུ་ཡིན་ཞེས་བསྟན།

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་ནས།“རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི”འདུ་ཤེས་མི་སེམས་སུ་ཟུག་པར་བྱས་ཡོད།“དགུན་དུས་བོད་ལྗོངས་ཡུལ་སྐོར”སོགས་བྱ་འགུལ་གཉེར་བ་དང་། ཡུལ་སྐོར་སྤུས་ལེགས་ལམ་ཐིག་དང་སྤུས་ལེགས་མཛེས་ལྗོངས་ཁུལ་བཏོད་པ་བཅས་བརྒྱུད། བོད་ལྗོངས་ཀྱིས་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་དཔལ་འབྱོར་ལེགས་ཆར་སྒྱུར་ནས། ཡུལ་སྐོར་བར་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ད་དུང་བོད་ལུགས་གསོ་རིག་དང་ཆུ་ཚན། སྒར་འདེབས། ཀུན་སྤྱོད་མཁའ་འགྲུལ་སོགས“ཡུལ་སྐོར+”ལས་རྣམ་གསར་བ་སྐྱེ་སྲིང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། 2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མགོ་ཡག་པོ་ཚུགས་པ་དང་། ཡུལ་སྐོར་བ་སྣེ་ལེན་གྱི་གྲངས་འབོར་དང་ཡུལ་སྐོར་སྤྱིའི་ཡོང་འབབ་ཚང་མ་བསྡུར་ཚད་ཆེན་པོའི་འཕར་སྣོན་བྱུང་ཡོད། རྒྱུགས་འབྲས་འདིས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་མངོན་ཡོད།

རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། བོད་ལྗོངས་ཀྱིས་སྣ་མང་ཅན་དང་ལྗང་མདོག ཐཱན་ཉུང་གི་ཁོར་སྲུང་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། གྲངས་འཛིན་ལག་རྩལ་སྤྱད་དེ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་བ། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ནང་དོན་ཟབ་མོས་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་གྲུབ་ཡོད་ལ། ཡུལ་སྐོར་བ་སྔར་ལས་མང་པོའི་ཡིད་དབང་བཀུགས་ཡོད།

མའོངས་བར། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་ཕྱིན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།