ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་རྣམས་ཐར་ཐོར་དུ་སྡོད་པས། ཁྱིམ་སྒོ་ནས་སྨན་པ་བསྟེན་པ་ནི་མང་ཚོགས་ཀྱི་དགོས་གལ་ཆེ་བ་དང་། དཀའ་ངལ་ཡོད་པ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པའི་གནད་དོན་ཞིག་ཡིན་པ་དང་། བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་སོང་བ་དང་བསྟུན། ནད་རིགས་ཆེ་གྲས400ལྷག་བོད་ལྗོངས་ནས་ཐད་ཀར་ལྟ་ཐུབ། 

གྲུམ་ནད་ནི་རུས་ཚིགས་ཡ་མ་གཟུགས་ཀྱི་ནད་རིགས་ཤིག་ཡིན་པ་དང་། ནད་པའི་རུས་ཚིགས་འཁུམ་པ་དང་། ཤ་གནད་འགྱུར་བ་མ་ཟད། ཐ་ན་ངལ་རྩོལ་གྱི་ནུས་པ་ཤོར་འགྲོ་པས། དེ་སྔ་བོད་ལྗོངས་ཀྱི་ས་ཁུལ་ཁག་ཅིག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོས་མྱོང་།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནག་ལྕོག་ཤང་གི་གྲོང་མི་དགའ་བློ་ད་ལོ་ལོ49ཡིན་པ་དང་། གྲུམ་བུ་ཚིགས་ཆེན་ནད་ཕོག་ནས་ལོ་བཅུ་ལྷག་འགོར། 2022ལོར་དགའ་བློ་ཡིས་པུས་ཚིགས་གཡོན་མ་བརྗེ་བའི་གཤགས་བཅོས་བྱས། མི་རིང་བའི་གོང་། ཁོང་གིས་སླར་ཡང་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་རིན་མེད་ངང་པུས་ཚིགས་གཡས་པ་བརྗེ་བའི་གཤགས་བཅོས་བྱས། དགའ་བློས་བཤད་ན། ད་ལྟ་དྲག་སྐྱེད་ཡག་པོ་བྱུང་འདུག དེ་སྔ་གཤག་བཅོས་བྱེད་པའི་ཆ་རྐྱེན་མེད། ད་ཆ་དངུལ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པར་གཤགས་བཅོས་བྱས་བྱུང་བས། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

2013ལོ་ནས་བཟུང་། བོད་ལྗོངས་ཀྱིས་གྲུམ་བུ་ཚིགས་ཆེན་ནད་ཕོག་ཁུལ་དུ་ཆུ་སྤུས་ལེགས་སུ་གཏོང་བ་དང་། འབྲུ་རིགས་བརྗེ་བ། ས་ཆ་གཞན་དུ་གནས་སྤོ་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་སྤྱད་པ་དང་འབྲེལ། རིམ་རྩིས་བྱས་ན་སྒོར་ཁྲི3500བཏང་ནས་གྲུམ་བུ་ཚིགས་ཆེན་ནད་ཕོག་མཁན་ལ་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱས།

ནད་གཞི་ཐོན་མང་བ་བཀག་འགོག་བྱེད་པ་ནི་བོད་ལྗོངས་ཀྱི་སྨན་བཅོས་བདེ་ཐང་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བའི་བསྡུས་རིས་ཤིག་རེད། 2023ལོར་སླེབས་སྐབས། བོད་ལྗོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི1821བསྐྲུན་ཟིན་པ་དང་། ནད་རིགས་ཆེ་གྲས400ལྷག་བོད་ལྗོངས་ནས་ཐད་ཀར་སྨན་བཅོས་བྱེད་ཐུབ།

ད་ལོར། བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་གཙོ་གནད་རྫོང་དུ་སྤེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་རེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཐན་ཤང་ཏུང་གིས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། ང་ཚོས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་མགྱོགས་པོར་སྐྲུན་ནས། སྒྲིག་བཀོད་ཀྱི་ཆ་རྐྱེན་མུ་མཐུད་ལེགས་བཅོས་དང་། མང་ཚོགས་ཀྱིས“སྒོ་འགྲམ”ནས་སྤུས་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་བཤད།  །

 
རྩོམ་སྒྲིག་པ། : 才让东珠