ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས“སྙིགས་མེད་གྲོང་ཁྱེར”གྱི་ལྗང་མདོག་དཔེ་སྟོན་གྲོང་ཁྱེར་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡར་ཀླུང་གཙང་པོའི་དབུས་རྒྱུད་གྲོག་རོང་འགྲམ་གཉིས་དུ་ཆགས་པའི་ལྷོ་ཁ་གྲོང་ཁྱེར་ལ“བོད་ཡུལ་གྱི་འབྱུང་ཁུངས”ཞེས་པའི་མཚན་སྙན་ལྡན་ཞིང་། ལྗང་མདོག་གི་གྲོང་ཁྱེར་དེས་ཐུན་མོང་མ་ཡིན་པའི་འགུགས་ཤུགས་དང་གསོན་ཤུགས་ཀྱིས་མི་མང་པོའི་ཡིད་སེམས་འགུགས་བཞིན་ཡོད། མིག་སྔའི་བར་དུ་ལྷོ་ཁ་གྲོང་ཁྱེར་གྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས《ལྷ་ཁ་གྲོང་ཁྱེར་གྱི“སྙིགས་མེད་གྲོང་ཁྱེར་ཕྲ་ཕུང”འཛུགས་སྐྲུན་སྐུལ་སློང་བྱེད་ཐབས》བརྒྱུད་དེ་བདེ་བླག་ངང“སྙིགས་མེད་གྲོང་ཁྱེར་ཕྲ་ཕུང”དཔེ་སྟོན་ཁུལ39བསྐྲུན།

“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེའི་བླང་བྱ་ནི་སྲ་བརྟན་བེད་མེད་དངོས་རྫས་ཉུང་གཏོང་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་བརྒྱུད། གྲོང་ཁྱེར་གྱི་ལྗང་མདོག་དང་རྒྱུན་མཐུད་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ཡིན། 2022ལོར《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱལ་ཡོངས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་ཇུས་འགོད》མིང་བྱང་ནང་བདམས་པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་བསྟུན་ནས་གཙོ་གནད་ལས་གཞི43གཙོ་བོར་བཟུང་ནས་སྤྱིའི་མ་དངུལ་སྒོར་དུང་ཕྱུར28བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་གཟབ་ཀྱིས་ལྟ་ཞིབ་དོ་དམ་གྱིས་ཕྱོགས་ཡོངས་ནས“སྙིགས་མེད་གྲོང་ཁྱེར”སྐྲུན་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་སྔོན་ལ་བོད་ལྗོངས་ཡོངས་སུ་གློག་ཤུགས་ཁོར་སྲུང་རིག་ལྡན་ལྟ་ཞིབ་ཚོད་འཛིན་སྟེགས་བུ་བཙུགས་ནས། “གློག་ཤུགས་གཞི་གྲངས་ཆེན་མོ+ཁོར་སྲུང་ལྟ་ཞིབ་ཚད་འཇལ”དཔེ་དབྱིབས་གསར་སྐྲུན་ལག་བསྟར་བརྒྱུད་དེ་འབག་འདོན་སྡེ་ཚན109ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་རྒྱང་བསྟེན་ལྟ་ཞིབ་ཚོད་འཛིན་ཡོངས་ཁྱབ་མངོན་འགྱུར་བྱུང་པ་དང་། འབག་ཁུངས་དྲ་ཐོག་ལྟ་ཞིབ་ཚོད་འཛིན་ཁོར་ཡུག་སྔོན་བརྡ་གཏོང་བ་དང་འཕྲལ་བསྟུན་ནུས་བ་བེད་སྤྱོད་གང་ལེགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ལས་དོན་ནུས་བ་མཐོ་རུ་བཏང་བ་མ་ཟད། ཁོངས་གཏོགས་རྫོང་གྲོང་འབག་ཆུ་གཙང་སེལ་བཟོ་གྲྭ་སོགས་ཀྱི་གཙོ་གནད་འབག་འདོན་སྡེ་ཚན་དུ་དྲ་ཐོག་གི་ལྟ་ཞིབ་ཚོད་འཛིན་སྒྲིག་ཆས་བཙུགས་ཤིང་། འབག་ཆུ་གཙང་སེལ་བཟོ་གྲྭ་དང་གད་སྙིགས་སར་སྦས་ར་བ་སོགས་ཀྱི་ཁོར་སྲུང་རྨང་གཞིའི་སྒྲིག་ཆས་ལ་དུས་བཞིན་ལྟ་ཞིབ་དང་དོ་དམ་བྱས་ནས། ཚད་ལྡན་བཞིན་འཁོར་སྐྱོད་དང་ཚད་ལོན་གྱིས་འབག་འདོན་སོགས་འགན་སྲུང་བྱས། དེ་དང་ཆབས་ཅིག་ཏུ་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་གོ་སྐབས་སུ་བཟུང་ནས་ཁོར་སྲུང་སྲང་ལམ་དང“ཐཱན་དམའ་ཁོར་སྲུང་། ལྗང་མདོག་ཕྱིར་བསྐྱོད”ལྕགས་རྟ་ཞོན་པ། ཁོར་སྲུང་ཤེས་བྱ་སློབ་ར་དང་གཞིས་ཁུལ་དུ་བསྐྱོད་པ། “ཁོར་སྲུང་སྤྱི་དམངས་ཕྱོགས་སུ་སྒོ་འབྱེད་པ”སོགས་ཀྱི་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཧུར་གྱིས་རྒྱ་ཆེའི་མང་ཚོགས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ནང་ཞུགས་པར་སྣེ་ཁྲིད་བྱས། ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་དང་འཚོ་སྡོད་ཐབས་ལམ་གསོ་སྐྱོང་བྱས་པ་མ་ཟདསྙིགས་མེད་ལས་ཁུངས”དང“སྙིགས་མེད་སྨན་ཁང”། “སྙིགས་མེད་བཟོ་གྲྭ”སྐྲུན་པ་དང་གད་སྙིགས་དབྱེ་འབྱེད་དང་གད་སྙིགས་དངུལ་བརྗེ་སྒོ་རྩིས་ཚོང་ཁང་འཛུགས་པའི་བྱེད་ཐབས་སྤྱད་པས། མི་ཚང་མའི་ཁོར་སྲུང་འདུ་ཤེས་མངོན་གསལ་གྱིས་མཐོ་རུ་ཕྱིན། 

ཡར་ཀླུང་ས་ཆའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་རི་ཆུ་ནགས་ཞིང་དང་མཚོ་མཚེའུ། རྩྭ་ཐང་། བྱེ་ས། འཁྱགས་རོམ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་བྱེ་བྲག་བཅོས་སྐྱོང་བྱས་ནས། ཡར་ཀླུང་འབབ་རྒྱུད་ཀྱི་རུ་ཆུ་ནགས་ཞིང་མཚོ་དང་མཚེའུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་རྣམ་གྲངས་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བྱས་པས། མིག་སྔའི་བར་དུ་ལྷོ་ཁ་གྲོང་ཁྱེར་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི118.28ཟིན་ནས་ནགས་ཚལ་ཁྱབ་ཚད24.79%ཟིན་ཡོད།

སྨན་བཅོས་བེད་མེད་དངོས་རྫས་གཙང་སེལ་ནུས་བའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་སྨན་བཅོས་བེད་མེད་དངོས་རྫས་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན་དང་སྨན་བཅོས་བེད་མེད་དངོས་རྫས་དབྱར་བཀར་སྡུད་ལེན། སྐྱེལ་འདྲེན་དང་གཙང་སེལ་བཅས་ལ་ཤུགས་སྣོན་བརྒྱབ་ནས། ནུས་ལྡན་གྱིས་སྨན་བཅོས་བེད་མེད་དངོས་རྫས་ནུས་བ་དང་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། སྨན་བཅོས་བེད་མེད་དངོས་རྫས་ཀྱིས་ཁོར་ཡུག་དང་མི་དམངས་ཀྱི་བདེ་ཐང་ལ་ཐེབས་པའི་མངོན་མེད་ཉེན་ཁ་ཉུང་དུ་བཏང་།

སྐྱེ་ལྡན་སྲ་བརྟན་བེད་མེད་དངོས་རྫས་ཕྱོགས་བསྡུས་བེད་སྤྱོད་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ལྡན་ལུད་རྫས་ཀྱི་ཐོན་སྐྱེད་དང་བེད་སྤྱོད་ཁྱབ་གདལ་བཏང་ནས། ཞིང་ལས་བེད་མེད་དངོས་རྫས་ཐོན་ཁུངས་རྩ་ཆེན་དུ་སྒྱུར་བ་དང་། དེས་ཞིང་ལས་བེད་མེད་དངོས་རྫས་ཀྱི་ཕྱིར་འབུད་ཉུང་དུ་བཏང་བ་མ་ཟད་ས་རྒྱུའི་ལུད་ཤུགས་མཐོ་རུ་བཏང་ནས་ཞིབ་ལས་ཀྱི་རྒྱུན་མཐུད་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས།

གླེང་རིན་ཡོད་པ་ཞིག་ནི། ལྷ་ཁ་གྲོང་ཁྱེར་གྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་མི་སྡོད་ཁོར་ཡུག་ལེགས་བཅོས་སོགས་ཀྱི་ཕྱོགས་ལ་ཁྱབ་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ལ་འཚོ་སྡོད་གནས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན།

ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞིན་པའམ་ཅུའུ་ཀྲང་ཞིན་ཡོན་ཅང་གིས། ལྷོ་ཁ་གྲོང་ཁྱེར་གྱིས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་པ་དེས་གྲོང་ཁྱེར་གྱི་རྒྱུན་མཐུད་རང་བཞིན་འཕེལ་རྒྱས་ལ་ཤུགས་ལྡན་འགན་སྲུང་མཁོ་འདོན་བྱས་པ་མ་ཟད། གྲོང་ཁྱེར་གཞན་ལ་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས། མ་འོངས་པར་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གོ་སྐབས་སུ་བཟུང་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་རྣམ་སྒྱུར་ལ་སྐུལ་འདེད་ཀྱིས་དུས་རབས་གསར་བའི་མཛེས་སྡུག་གི་བོད་ལྗོངས་སྐྲུན་པར་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།