ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཚ་རླབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཞད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་ཐོན་ལ་ཉེ་བ་དང་བསྟུན་ནས། ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ཚ་རླབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ལ། ཡུལ་སྐོར་ལས་དོན་ཁང་དང་མགྲོན་ཁང་སོ་སོས་ཡུལ་སྐོར་ལམ་ཐིག་འདོན་པ་དང་ཞག་སྡོད་བཟའ་བཏུང་སོགས་སྣ་མང་ཅན་གྱི་ཡུལ་སྐོར་འཛད་སྤྱོད་བྱ་འགུལ་བཏོན་ཡོད་པ་མ་ཟད། ཡུལ་སྐོར་སྔོན་མངག་གྱི་མཐོ་རླབས་བསུས་ཡོད། 

གནམ་ལྕག་འབར་བ་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲིན་པའོ་ཆིན་གྱིས་གསར་འགོད་པར་བཤད་པ་ལྟར་ན། ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཐོན་རྫས་སྔོན་མངག་གི་ཚ་རླབས་སྔོན་ཚུད་ནས་འཕྱུར་ཏེ། ན་ནིང་ལོ་མཇུག་ནས་བཟུང་བློ་འདྲི་བྱེད་མཁན་ཡོད་ལ། ད་ལོའི་ཟླ2པ་ནས་བཟུང་མངག་ཐོ་དང་ལེན་བྱེད་མགོ་བརྩམས། མིག་སྔར། ཡུལ་སྐོར་མི་གྲངས་ན་ནིང་གི་དུས་མཉམ་ལས་བརྒལ་ཡོད་ལ། ཡུལ་སྐོར་ལས་དོན་ཁང་གིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་སྣེ་ཤན་པ་སོགས་ཆ་སྒྲིག་ཐོན་ཁུངས་མཐུན་སྦྱོར་དང་། ཡུལ་སྐོར་སྤུས་ལེགས་ལམ་ཐིག་མང་པོ་བཟོས་ནས་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད།

“ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་བསུ་ཆེད། ང་ཚོས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་མགྲོན་ཁང་གི་གང་སར་ཁམ་བུའི་མེ་ཏོག་གི་འབྱུང་རྒྱུ་བཀོད་སྒྲིག་བྱས། ཟླ3པའི་ཚེས20ཉིན་ནས་ཟླ4པའི་ཚེས10ཉིན་བར་མགྲོན་ཁང་གི་ཉིན་རེའི་ཁང་བ་མངག་ཉོ་བྱེད་ཚད60%ཡན་དུ་ཟིན་ཡོད་པ་དང་། བར་གྱི་ཉིན་འགའི་རིང་ཁང་བ་ཚང་མ་མངག་ཉོ་བྱས་ཚར་བའི་སྣང་ཚུལ་བྱུང་ཡོད”ཅེས་ཀྲུང་ཧེང་གཙང་དཀྱིལ་ཕྱི་མའི་གསོལ་མགྲོན་ཁང་གི་ཅང་ལིས་གསར་འགོད་པར་བཤད།

དེ་དང་ཆབས་ཅིག གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་གྱི་རླངས་འཁོར་བོགས་གཏོང་ཀུང་སི་མང་པོར་སོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་སྐབས་སུ། གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་བོགས་གཏོང་ལས་རིགས་ཀྱི་མངག་ཐོ་ན་ནིང་གི་དུས་མཉམ་ལས་འཕར་ཡོད། བྲག་ཡིབ་ཆུས་ཧའེ་ཐུང་རླངས་འཁོར་བོགས་གཏོང་ཀུང་སིའི་སྤྱི་གཉེར་བ་ཀྲང་རུའེ་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ང་ཚོས་དུས་མགོར་དྲ་ཐོག་ཏུ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ཤིང་། མིག་སྔར་ཀུང་སིའི་རླངས་འཁོར་འདང་ངེས་ཡིན་ལ། མང་ཤོས་ལྗོོངས་བགྲོད་རླངས་འཁོར་ཡིན་པ་དང་བོགས་གཏོང་རིན་གོང་ཡང་ནམ་རྒྱུན་དང་ཕལ་ཆེར་འདྲ་མཚུངས་ཡིན་ལ། ད་རུང་ང་ཚོས་ཉིང་ཁྲིར་བོགས་གཏོང་བྱས་པའི་རླངས་འཁོར་ལྷ་སར་ཕྱིར་སྤྲོད་པའི་ཞབས་ཞུ་འདོན་སྤེལ་བྱས་ཏེ། ཡུལ་སྐོར་བའི་སྤྲོ་གསེང་དང་རོལ་རྩེད་ཀྱི་ཉམས་ལེན་ཆེ་རུ་བཏང་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།