ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཟླ་གསུམ་པ་སླེབས་པ་དང་བསྟུན། ཉེ་ཆར་བོད་ལྗོངས་ཀྱི་ས་ཆ་སོ་སོའི་སློབ་གྲྭ་ཆུང་འབྲིང་རིམ་བཞིན་སློབ་མགོ་ཚུགས། ཟླ3པའི་ཚེས13ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་རྒྱུས་ལོན་ལྟར་ན། 2024ལོའི་སྟོན་དུས་སློབ་སྐབས་མགོ་བརྩམས་པ་དང་བསྟུན་བོད་ལྗོངས་ཡོངས་ཀྱི་རིགས་སོ་སོ་དང་སློབ་རིམ་སོ་སོའི་སློབ་གསོའི“འགན་ལེན་གསུམ”དང་ལེན་བྱེད་པའི་སློབ་མ་རེ་རེའི་ཆ་སྙོམས་ཚད་གཞི2023ལོའི་རྨང་གཞིའི་ཐོག་སྒོར90་རེ་འཕར་སྣོན་བྱུང་ཞིང་སྔོན་རྩིས་ལྟར་ན་དེས་སློབ་མ་ཁྲི71.43ལྷག་ལ་ཕན་ཐོགས་རྒྱུ་རེད།

དེ་ནི་བོད་ལྗོངས་ཀྱིས1985ལོ་ནས་སློབ་གསོའི“འགན་ལེན་གསུམ”སྲིད་ཇུས་ལག་བསྟར་ཚུན་ཐེངས21སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་པ་མཚོན།

ལྷ་ས་གྲོང་ཁྱེར་མལ་གྲོང་གུང་དཀར་རྫོང་ནན་ཅིན་ཚོད་ལྟ་སློབ་ཆུང1962ལོར་སློབ་གྲྭ་བཙུགས་ཤིང་ཉེ་སྔོན་མཉམ་སྡུད་བྱས་ནས་ཡང་བསྐྱར་སྒོ་བྱང་བཀལ། སློབ་གྲྭ་དེའི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་སྐར་མ་བསོད་ནམས་ཀྱིས། སློབ་གྲྭ་ཡོངས་སུ་སློབ་མ1200ལྷག་ཡོད་པའི་ཁྲོད90%ཡན་རོང་འབྲོག་ཁུལ་ནས་ཡོང་བ་ཡིན། “འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་པས་སློབ་མའི་ཉིན་གཅིག་གི་ཐེངས་གསུམ་གྱི་ཁ་ཟས་མུ་མཐུད་དུ་ལེགས་བཅོས་བྱུང་ནས། ཞོགས་ཟས་རྩམ་པ་དང་མངར་ཇ། ཅུང་རྡོག འབྲས་ཐུག བག་ལེབ་སོགས་ཡིན་པ་དང་། དྲོས་ཇ་ཤ་ཡོད་པའི་ཚོད་མ་རིགས་གསུམ་དང་ཤ་མེད་པའི་ཚོད་མ་གཉིས་ཡིན། གཟའ་འཁོར་རེར་ཟས་བྱང་བཟོས་པས་ཉིན་རེའི་ཟས་རིགས་གཅིག་མཚུངས་མིན་ཞེས་བརྗོད།

བློ་བཟང་དོན་འགྲུབ་ནི་སློབ་གྲྭ་དེའི་ཀུན་སྤྱོད་ཕྱོགས་ཀྱི་སློབ་གཙོ་གཞོན་པ་ཡིན་ཞིང་། ཁོས་གསར་འགོད་པར་བོད་ལྗོངས་ཀྱི་སློབ་འབྲིང་གཞན་དང་གཅིག་པར་སློབ་གྲྭའི་ཟ་ཁང་གིས་ཉིན་གཅིག་ལ་ཐེངས་གསུམ་གྱི་ཟ་མ་མཁོ་འདོན་བྱེད་བཞིན་ཡོད། ཞོགས་ཟས་རྩམ་པ་དང་མངར་ཇ་སོགས་ཡོད་པ་མ་ཟད། དྲོས་ཇ་དང་དགོང་མོ་ཡང་ཤ་ཡོད་པའི་ཚོད་མ་གཉིས་དང་ཤ་མེད་པའི་ཚོད་མ་རིགས་གཅིག་སོགས་མཁོ་འདོན་བྱེད་བཞིན་ཡོད། སློང་གྲྭའི་དགེ་རྒན་མང་པོས་ཀྱང“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་དེ་མི་དམངས་དགེ་རྒན་དུ་གྱུར་ཡོད་ཅེས་བརྗོད།

བློ་བཟང་དོན་འགྲུབ2004ལོར་ལས་ཞུགས་བྱས་པ་ནས་བཟུང་ད་ལྟའི་བར་དུ་སློབ་གསོའི་ལས་ཁུངས་སུ་བསྡད་པ་ཡིན། ཁོས་ལས་ཞུགས་བྱས་ནས་ལོ་མང་པོ་འགོར་བའི་ཁྲོད“འགན་ལེན་གསུམ”གྱི་སྲིད་ཇུས་ཚད་གཞི་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་། སློབ་གསོའི་མཁྲེགས་སྙི་ཆས་མགྱོགས་མྱུར་འཕར་བས། སློབ་མ་ཚོ་སྔོན་ཆད་ཀྱི་ལྟོ་བ་འགྲེང་པ་ཙམ་ནས་ད་ལྟའི་བཟའ་བཏུང་ལེག་པའི་འགྱུར་ལྡོག་བྱུང་བ་བདེན་དཔང་བྱས་ཡོད་ཅེས་བརྗོད།

ཡང་བློ་བཟང་དོན་འགྲུབ་ཀྱིས་སློབ་གྲྭ་གསར་དུ་འཛུགས་སྐྲུན་བྱས་ཀྱང་མཁྲེགས་ཆས་རིགས་སོ་སོ་འཐུས་ཚང་དུ་བཏང་ཡོད། དཔེར་ན། ལྗང་སྒྱུར་དང་ཚོད་ལྟ་ཁང་། དཔེ་མཛོད་ཁང་སོགས་ཞེས་བརྗོད། 

གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་ལྟར་ན། མིག་སྔར་བོད་ལྗོངས་སློབ་གསོའི“འགན་ལེན་གསུམ”དང་ལེན་བྱེད་པའི་སློབ་མ་རེ་རེའི་ཆ་སྙོམས་ཚད་གཞི་ནི་སློབ་སྔོན་སློབ་གསོའི་དུས་རིམ་རིགས་གཉིས་ཆུས་སུ་སྒོར3930རེ་དང་། རིགས་གསུམ་ཆུས་སུ་སྒོར4030རེ། རིགས་བཞི་ཆུས་ཡང་ན་མཐའ་མཚམས་རྫོང་དུ་སྒོར4130རེ། འོས་འགན་སློབ་གསོའི་དུས་རིམ་རིགས་གཉིས་ཆུས་སུ་སྒོར4430རེ་དང་། རིགས་གསུམ་ཆུས་སུ་སྒོར4530རེ། རིགས་བཞི་ཆུས་ཡང་ན་མཐའ་མཚམས་ཆུས་དུ་སྒོར4630རེ། མཐོ་འབྲིང་དུས་རིམ་རིགས་གཉིས་ཆུས་སུ་སྒོར4930རེ་དང་། རིགས་གསུམ་ཆུས་སུ་སྒོར5030རེ། རིགས་བཞི་ཆུས་སུ་སྒོར5130རེ་བཅས་ཀྱི་ཚད་གཞི་རུ་དབྱེ་ཡོད།

2024ལོའི་སྟོན་དུས་སློབ་སྐབས་ནས་བཟུང་། བོད་ལྗོངས་སློབ་གསོའི“འགན་ལེན་གསུམ”དང་ལེན་བྱེད་པའི་སློབ་མ་རེ་རེའི་ཆ་སྙོམས་ཚད་གཞི་མིག་སྔའི་རྨང་གཞི་ཐོག་སྒོར90འཕར་སྣོན་བྱས་ནས། སློབ་སྔོན་སློབ་གསོའི་དུས་རིམ་རིགས་གཉིས་ཆུས་སུ་སྒོར4020རེ་དང་རིགས་གསུམ་ཆུས་སུ་སྒོར4120 ། རིགས་བཞི་ཆུས་ཡང་ན་མཐའ་མཚམས་རྫོང་དུ་སྒོར4220རེ། འོས་འགན་སློབ་གསོ་དུས་རིམ་རིགས་གཉིས་ཆུས་སུ་སྒོར4520རེ་དང་། རིགས་གསུམ་ཆུས་སུ་སྒོར4620རེ། རིགས་བཞི་ཆུས་ཡང་ན་མཐའ་མཚམས་རྫོང་དུ་སྒོར4720རེ། མཐོ་འབྲིང་དུས་རིམ་རིགས་གཉིས་ཆུས་སུ་སྒོར5020རེ་དང་། རིགས་གསུམ་ཆུས་སུ་སྒོར5120རེ། རིགས་བཞི་ཆུས་ཡང་ན་མཐའ་མཚམས་རྫོང་དུ་སྒོར5220རེ་བཅས་མཐོ་རུ་གཏོང་རྒྱུ་རེད།

གསར་འགོད་པས་རྒྱུས་ལོན་ལྟར་ན། “གཞི་གྲངས་འཕར་སྣོན་དང་ཞབས་ཞུ་ལེགས་སྒྲུབ”ཀྱི་འཛུགས་སྐྲུན་བསམ་ཕྱོགས་དང“གཅིག་གྱུར་བཞི”ཡི་རྩ་དོན་བཞིན། བོད་ལྗོངས་ཀྱིས་སློབ་གསོ་དོ་དམ་དང་སྤྱི་པའི་ཞབས་ཞུ། སློབ་གསོའི་ཇུས་འགོད། བདེ་འཇགས་བརྟན་བརླིང་གཞི་གཅིག་ཏུ་འདུས་པའི“བོད་ལྗོངས་སློབ་གསོ་ཇོ་རིའི་སྤྲིན་ཚོགས་སྟེགས་བུ”བཙུགས་ནས“རིམ་པ་གཅིག་གིས་བཀོད་འདོམས་དང་རིམ་པ་བཞི་ཡིས་བེད་སྤྱོད”བྱེད་པ་མངོན་འགྱུར་བྱུང་ནས། བོད་ལྗོངས་ཡོངས་སུ་ཁ་གཏད་པའི་རིམ་པ་སོ་སོའི་རིགས་སོ་སོའི་དགེ་སློབ་ལ་ཞབས་ཞུ་བྱེད་པའི“ཚང་མས་སློབ་པ། གང་སར་སློབ་པ། ནང་ཡང་སློབ་པའི”སྒོ་འབྱེད་རང་བཞིན་གྱི་སློབ་གསོའི་སྤྲིན་སྟེགས་ཆགས་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།