ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཏོད་པར་རྒྱུན་མཐུད་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཤར་རྒྱུད་ཀྱི་མུ་ཏིག་ལྟ་བུའི་ས་གཞི་ཆེན་པོ་འདིའི་སྟེང་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་སོ་སོའི་བུ་དང་བུ་མོས་ལོ་རྒྱུས་སྲོལ་རྒྱུན་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་གྱི་རོལ་དབྱངས་རྩོམ་པ། མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གཙོ་བོ་མཆོག་ཏུ་འཛིན་བཞིན་ཡོད།

ལོ་རྒྱུས་ཡུན་རིང་ལྡན་པའི་སྣ་མང་རིག་གནས་མཉམ་འདྲེས་བྱས་པ།

ལོ་རྒྱུས་ཡུན་རིང་ལྡན་པའི་ཇ་རྟ་གནའ་ལམ་གྱིས་བོད་ལྗོངས་དང་སི་ཁྲོན། ཡུན་ནན་སོགས་དང་ས་ཁུལ་ཁག་དམ་པོར་སྦྲེལ་ཡོད། ལྷོ་རོང་རྫོང་འདི་ཉིད་ཇ་རྟ་གནའ་ལམ་གྱི་ངེས་པར་དུ་བརྒྱུད་དགོས་པའི་ས་ཁུལ་ཡིན་པའི་ཆ་ནས་མི་རིགས་སོ་སོའི་མང་ཚོགས་འདི་གར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད།

ལྷོ་རོང་རྫོང་མཁར་ནས་ལམ་ལ་ཆས་ཏེ་ནུབ་ཕྱོགས་སུ་སྤྱི་ལེ25ཙམ་སོང་བའི་ཚེ་ཤོ་པ་མདོ་གྲོང་རྡལ་དུ་ཐོན་པ་རེད། 《ལྷོ་རོང་ས་གནས་ལོ་རྒྱུས》ནང་བཀོད་པར་གཞིགས་ན། ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཊིང་དུས་སྐབས་སུ་བོད་དུ་སྐྱོོད་པའི་ཆིང་དམག་སྟོང་གཉིས་ལྷག་གིས་ཤོ་པ་མདོ་གྲོང་རྡལ་དུ་དམག་སྒར་བརྒྱབ་པ་དང་། རྗེས་སུ་རྒྱ་རིགས་ཀྱི་དམག་མི་དང་ས་གནས་བོད་རིགས་སྡོད་དམངས་དབར་གཉེན་སྡེབ་བྱས་ནས་བྱིས་པ་བཙས་པས། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོ་པ་མདོ་གྲོང་རྡལ་དུ་དར་ཁྱབ་བྱུང་ཡོད། 

ཤོ་པ་མདོ་གྲོང་རྡལ་དུ་སྐྱོད་པའི་ཚེ། མི་རིགས་མཐུན་སྒྲིལ་ཐང་ཆེན་གྱི་ཡལ་འདབ་རྒྱས་རྒྱས་པའི་ཤིང་སྡོང་ཆེན་པོ་གཉིས་མིག་ལམ་དུ་འཆར་ཡོང་། སྦྱར་བ་དང་ལྕང་མའི་སྡོང་བོ་འདི་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་འཚོ་ཐབས་བྱེད་བཞིན་ཡོད། ངག་རྒྱུན་ལྟར་ན“མཐུན་སྒྲིལ་སྡོང་བོ”འདི་གཉིས་ནི་ཤོ་པ་མདོ་གྲོང་རྡལ་གྱི་བོད་རྒྱ་གཉེན་སྡེབ་བྱས་པའི་ཁྱོ་ཤུག་དང་པོའི་འདེབས་འཛུགས་བྱས་པ་ཡིན་ལ། ལོ་ངོ་བརྒྱ་ཕྲག་འགའི་རིང་རྒྱུན་མཐུད་འཚར་ལོངས་བྱུང་བ་བརྒྱུད་ཤོ་པ་མདོ་གྲོལ་རྡལ་གྱི་མཛེས་ཤིང་ཡིད་དུ་འོང་བའི་མཛེས་ལྗོངས་ཞིག་ཏུ་གྱུར་ཡོད།

“ཤོ་པ་མདོ་གྲོང་རྡལ་དུ་མིག་སྔར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང35ཡོད། གྲོང་ཚོའི་ནང་དུ་མི་རིགས་མི་འདྲ་བའི་བག་གསར་དང་མག་གསར་གཉེན་སྒྲིག་བྱེད་སྐབས། ཁོང་ཚོས་སྡོང་བོ་འདིའི་འོག་ཏུ་མ་འོངས་འཚོ་བ་བདེ་སྐྱིད་ཀྱི་སྨོན་ལམ་འདེབས་དགོས”ཞེས་ཤོ་པ་མདོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཝེས་གསར་འགོད་པར་ངོ་སྤྲོད་བྱས།

ད་ལྟའི་བར་སོར་ཉར་བྱས་པའི་སེང་འཆམ་ནི་མི་རིགས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་དཔང་པོ་ཡིན། ཤོ་པ་མདོ་གྲོང་རྡལ་གྱི་ས་གནས་མང་ཚོགས་ཀྱིས་རས་པ་དང་སྐོར་བྲོ་སོགས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཞབས་བྲོའི་གཞི་རྒྱུ་སྔ་མོར་ས་གནས་དེ་གར་ཁྱབ་པའི་སེང་རྩེད་ཁྲོད་འདྲེས་པར་བྱས་ཏེ། ཁྱད་ཆོས་ཐུན་མོང་མ་ཡིན་པའི་འཁྲབ་སྟོན་བྱེད་སྟངས་ཞིག་ཆགས་ཡོད།

“མཐུན་སྒྲིལ་སྡོང་བོ”དང་སེང་འཆམ་མ་གཏོགས་ཤོ་པ་མདོ་གྲོང་རྡལ་དུ་ད་དུང་ཆིང་དམག་གི་དུར་ཁྲོད་དང་གནའ་བོའི་མཁར་གྱང་སོགས་རྗེས་ཤུལ་མང་པོ་སོར་འཇོག་བྱས་ཡོད་ཅིང་། སྡོད་དམངས་ཁ་ཤས་ཀྱི་ཁྱིམ་དུ་ཟླ་སྒོར་བག་ལེབ་ཀྱི་ལུགས་ཆས་དང་རྒྱའི་ལུགས་ཀྱི་རྒྱ་མ། དུང་ཙེ་སྣ་ཚོགས། བོད་རྒྱ་སྐད་གཉིས་ཀྱི་རྩིས་ཁྲ་སོགས་ཉར་ཚགས་བྱས་ཡོད་པ་དང་། ཁྱིམ་ཚང་ཁ་ཤས་སུ་ཟླ་སྒོར་བག་ལེབ་དང་སྟོན་དུས་སྐྱུར་ཚལ་བསྙལ་བ་སོགས་ཀྱི་སྲོལ་རྒྱུན་སོར་ཉར་ཡོད་པས། ཐུན་མོང་མ་ཡིན་པའི་བརྩེ་དུང་འདི་སྔ་མོ་ནས་ཤོ་པ་མདོའི་མི་རབས་ནས་མི་རབས་དབར་གྱི་སེམས་སུ་འཇགས་ཡོད།

སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་མཉམ་དུ་བསྐྲུན་པ།

རྒྱལ་ལམ214འགྲམ་རྒྱུད་དུ་གནས་པའི་སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་བོད་ཤར་ས་ཁུལ་གྱི་འཇང་མི་རིགས་ཀྱི་འདུས་སྡོད་ས་ཁུལ་གཅིག་པུ་ཡིན། འདི་གར་འཇང་མི་རིགས་ཀྱི་ཁྱིམ་དུད241དང་མི854ཡོད་པ་དང་དེས་ཤང་ཡོངས་ཀྱི་སྤྱིའི་མི་འབོར་གྱི17.5%ཟིན་ཡོད། དེ་དང་ཆབས་ཅིག འཇང་མི་རིགས་ཤང་དུ་ད་དུང་བོད་རིགས་དང་རྒྱ་རིགས། པའེ་རིགས། ཐུའུ་ཅ་རིགས། མིའོ་རིགས་སོགས་མི་རིགས་ཀྱི་མང་ཚོགས་འཚོ་བཞིན་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱིས་འདི་གར་རྒྱུད་སྤེལ་འཚོ་གནས་དང་སྐྱིད་སྡུག་མཉམ་ཁུར་བྱས་ནས་འཆམ་མཐུན་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན། 2018ལོར། འཇང་མི་རིགས་ཤང་འདི་ཉིད་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྐོར་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་དཔེ་སྟོན་ཁུལ་གཅིག་གྲས་ཀྱི་མིང་བཏགས་པ་རེད། 

བོད་རིགས་མང་ཚོགས་མའོ་ཡུས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འཇང་མི་རིགས་ཤང་ཚ་ལྷོ་སྟོད་གྲོང་ཚོའི་མི་ཡིན་ལ། ཁོང་གི་ཆུང་མ་ནི་འཇང་མི་རིགས་ཡིན། རིག་གནས་གོམས་གཤིས་མི་འདྲ་ནའང་ཁོང་ཚོས་ཕན་ཚུན་བརྩི་བཀུར་དང་གཅིག་སེམས་གཅིག་གཏད་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གཉེར་བཞིན་ཡོད།

འཇང་མི་རིགས་ཤང་དུ་ཁྱིམ་ཚང་ཚང་མར་རྒུན་འབྲུམ་འདེབས་འཛུགས་དང་རྒུན་ཆང་བསྙལ་བའི་གོམས་གཤིས་ཡོད་ཅིང་། སྐད་གྲགས་གང་སར་ཁྱབ་པའི“བདག་དམར་གཡང”རྒུན་ཆང་གནས་འདི་གར་དབུ་བརྙེས་པ་རེད།

“བདག་དམར་གཡང”རྒུན་ཆང་ཐོན་སྐྱེད་བྱེད་པའི་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོོན་ནོར་ཨ་ལས་ཚད་ཡོད་ཀུང་སི2009ལོར་བཙུགས་པ་དང་། ལོ་མང་རིང་ཀུང་སིས་ས་གནས་མང་ཚོགས་ཀྱི་རྒུན་འབྲུམ་འདེབས་འཛུགས་ལ་སྐུལ་ཁྲིད་བྱས་པ་མ་ཟད། ད་དུང་ཉེ་འཁོར་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་འདེགས་བྱས་ནས། མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་།

ཀུང་སི་དེའི་སྤྱི་གཉེར་བ་ཆོས་མཚོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཀུང་སིར་བོད་རིགས་དང་རྒྱ་རིགས། འཇང་མི་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས7གྱི་ལས་བཟོ་བ་ཡོད་ལ། ནམ་རྒྱུན་ཚང་མས་མཉམ་དུ་ཕན་ཚུན་རོགས་རམ་བྱས་ནས་ལས་འགན་ཁག་ལེགས་འགྲུབ་བྱེད་བཞིན་ཡོད། ང་ཚོས་ད་དུང་མི་རིགས་མཐུན་སྒྲིལ་ལས་དོན་ཚན་ཆུང་བཙུགས་ནས་མི་རིགས་སོ་སོའི་ལས་བཟོ་བའི་དབར་གྱི་འབྲེལ་འདྲེས་ལ་ཤུགས་བསྣན་དེ། མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བརྩོན་ལེན་གྱི་རྣམ་པ་ལེགས་པོ་ཆགས་པར་སྐུལ་འདེད་བཏང་།

མཉམ་འདྲེས་གཏིང་ཟབ་བྱས་ནས་གསར་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ།

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་བཏོད་པའི་ལས་དོན་སྤེལ་བ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སྟེ་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དམ་འཛིན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུའི“གསར་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་ཞིབ་བསྡུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་ཡོངས་ཁྱབ་ཏུ་སྤེལ་བ་དང་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། མི་རིགས་སོ་སོའི་ཕན་ཚུན་བརྩི་བཀུར་དང་ལག་རྡང་སྦྲེལ་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད།

ཆེད་དོན་སློབ་སྦྱོང་ཐེངས360ལྷག་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་སྒྲོག་འགྲེལ་སློབ་གསོའི་བྱ་འགུལ་ཐེངས3000ལྷག་སྤེལ།

བོད་སྐྱོར་ཞིང་ཆེན་དང་ཁེ་ལས་ཀྱི་རོགས་ལས་རོགས་སྐྱོར་ལ་མཐུན་སྦྱོར་ཤུགས་བསྣན་པ། བསྡོམས་པས་སྒོར་དུང་ཕྱུར58.13བོད་སྐྱོར་མ་དངུལ་དང་དངོས་ཟོག་སྒྲིག་ཆས་དོན་འཁྱོལ་དང་རྣམ་གྲངས1342ལག་བསྟར་བྱས།

2023ལོའི་དྲིལ་སྒྲོག་སློབ་གསོ་གཞི་རིམ་དུ་སྐྱོད་པའི་བྱ་འགུལ་སྤེལ་བ། རྫོང18ཀྱི་གཞི་རིམ་ས་ཁུལ་དུ་འཁྲབ་སྟོན་དང་སྒྲོག་འགྲེལ་བྱས་ཏེ། ཕྱོགས་མང་པོ་དང་ཟུར་ཚད་མང་པོའི་ཆ་ནས་དྲིལ་སྒྲོག་བྱ་འགུལ་ཐེངས30སྤེལ།

གཞི་གྲངས་རེ་རེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་བཏོད་པའི་ལས་དོན་གྱི་རྒྱུགས་འབྲས་དང་བསྡུས་རིས་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་ལས་དོན་རྒྱ་སྐྱེད་དུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“ནམ་རྒྱུན་ལ་མཐོང་ཆེན་དང་། སེམས་སྟོན་ལ་མཐོང་ཆེན། བྱ་སྤྱོད་ལ་མཐོང་ཆེན། གཞི་རིམ་གྱི་བྱ་བར་མཐོང་ཆེན”གྱི་ལས་དོན་འདུ་ཤེས་རྒྱུན་འཁྱོངས་བྱས་ནས“མི་རིགས་མཐུན་སྒྲིལ+”ཡི་བྱ་བ་སྒྲུབ་སྟངས་གསར་གཏོད་ལག་བསྟར་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དང་གཞི་རིམ་ཏང་འཛུགས་སྐྱོང་། གྲོང་གསེབ་དར་སྤེལ། གཞི་རིམ་བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། སྔ་རྗེས་སུ“མི་རིགས་ཀྱི་བརྗིད་ཉམས་དམག་སྒར་དུ་སྐྱོད་པ”དང“ཀྲུང་ཧྭའི་རིག་གནས་སློབ་གླིང་དུ་སྐྱོད་པ”“མི་རིགས་མཐུན་སྒྲིལ་གྱི་སྤེལ་རོགས་ཁྲིད་གསུམ”སོགས་གསར་གཏོད་བྱ་འགུལ་སྤེལ་ནས། གསར་གཏོད་ལས་དོན་སྔར་བས་ཚོར་ཐུབ་པར་བྱས་ཡོད།

དེང་སྐབས། བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་མོའི་གང་སར་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཕན་ཚུན་སོ་སྲུང་རོགས་རེས་བྱེད་པའི་དྲོ་སྐྱིད་ཀྱི་རྣམ་པ་མཐོང་ཐུབ་པ་དང་། གང་སར་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འབངས་ཀྱི་མི་སེམས་འགུགས་པའི་གཏམ་རྒྱུད་ཐོས་པ། མི་རིགས་སོ་སོའི་བུ་དང་བུ་མོས་ལག་རྡང་སྦྲེལ་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་།“མཉམ་དུ་མཐུན་སྒྲིལ་འབད་འབངས་དང་མཉམ་དུ་དར་རྒྱས་གོང་འཕེལ”གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་དཔེ་རིས་བྲིས་ཡོད།   །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།