ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ་ཁུལ་བཏོད་པར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“བོད་ལྗོངས་ལས་དོན་གྱིས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་རྐང་འཛུགས་ས་དང་ཤུགས་འདོན་སར་བྱེད་དགོས

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱིས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 2023ལོར། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེའི་ཁུལ་བཏོད་པ་ལས་འགན་གཙོ་བོར་བཟུང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག་དང་། མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རླབས་ཆེའི་བསྐྱར་དར་ཕུགས་འདུན་མཉམ་དུ་མངོན་འགྱུར་གྱི་སྒྲིལ་ཤུགས་ཆེན་པོ་ཆགས་ཡོད།

མཐུན་སྒྲིལ་གྱི་མཐུན་ཆ་ཆེ་ཤོས་ལེགས་པོར་བྲིས་ནས་འབད་བརྩོན་གྱི་དྲང་ནུས་གོང་བུར་འགྲིལ་བ།

2023ལོར། བོད་ལྗོངས་ཀྱི་རྒྱལ་མཚམས་ནས་ཕྱིར་འགྲོ་ནང་འཛུལ་བྱེད་པའི་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་ལ་མཚོན་ནས་བཤད་ན“ལོ་ལེགས་བྱུང་བའི་ལོ”ཞིག་ཡིན། སྐོར་བཅུ་བའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་སྡེ་ཚན་གྱི་མིང་བཏགས་ནས། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་དོ་སྣང་བྱེད་པའི་མཐའ་མཚམས་ཤང་འདིར་མཚན་སྙན་བརྩོན་ལེན་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དེ་ས་གནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་སྒྱུར་ཡོད།

ཉེ་བའི་ལོ་འགའི་རིང་། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བྱས་པ་དང་། “ཁ་བྲལ་མི་རུང་བ་གསུམ”གྱི་དགོངས་པ་བརྟན་པོ་འཛུགས་པ། “འགལ་བ་གོང་ལ་མི་སྤྲོད་པ་དང་། དུས་བདེ་རྐྱེན་ངན་མི་འབྱུང་བ། ཞབས་ཞུའི་ལས་གནས་སྟོང་པར་མི་ལུས་པ”དང“ཏང་སྲིད་ཀྱིས་ཁས་ལེན་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་པ། མི་དམངས་ཉེན་རྟོག་པ་བདེ་སྐྱིད”ཀྱི་ལས་དོན་དམིགས་ཚད་ལ་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཏོད་པའི་བྱ་འགུལ་གཏིང་ཟབ་སྤེལ།

བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར། བོད་ལྗོངས་ཀྱི་ཐུན་མོང་ཚོགས་པ140དང་མི་སྒེར189ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེའི་ཚོགས་པ(མི་སྒེར)མཚན་སྙན་ཐོབ་ཡོད། ལྷ་ས་སོགས་གྲོང་ཁྱེར་དང་ས་ཁུལ7ཚང་མས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་བཏོད་ཡོད། སྤྱི་ཚོགས་ཡོངས་སུ“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་ལ་སློབ་སྦྱོང་གི་ཚ་རླབས་འཕྱུར་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་བརྩོན་ལེན་དང་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་བརྗིད་སྟོབས་ཤུགས་གོང་བུར་འགྲིལ་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་མཐོར་འདེགས་སུ་བཏང་། 

2023ལོར། བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2023ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་། བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཉམ་ལས9.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར76.53ཟིན་ནས་དུས་མཉམ་ལས་ལྡབ1.3འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་གོ་གནས་ཨང་དང་པོར་སླེབས་ཡོད། བོད་ལྗོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12516ལ་སླེབས་པ་དང་འཕར་ཚད8.7%ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། 2023ལོའི་ཟླ1པོ་ནས8པའི་བར། བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4492.61སྣེ་ལེན་བྱས་པ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར529.69མངོན་འགྱུར་བྱུང་ཡོད།

རྒྱུགས་འབྲས་འདི་དག་ཐོབ་པ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ལ་རག་ལས་ཡོད་ལ། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་བརྩོན་གོང་བུར་འགྲིལ་ཡོད།

2023ལོར། བོད་ལྗོངས་ཀྱིས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། དམངས་འཚོ་ལེགས་བཅོས་དང་འགན་སྲུང་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཅས་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་ནས་ཇེ་སྐྱིད་དང་། ཇེ་སྐྱིད་ནས་ཇེ་རྒྱས་ཡོང་བར་བྱས།

བོད་ལྗོངས་ཧྭ་ཐེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐུས་མི་ཡིན་ལ། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསྡུས་རིས་ཀྱང་ཡིན། བྱས་རྗེས་འབུར་ཐོན་བཞག་ཡོད་པའི་རྐྱེན་གྱིས2023ལོར་སྐོར་བཅུ་བའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་སྡེ་ཚན་དུ་བདམས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ཀུང་སི་དེར་ལས་བཟོ་བ677ཡོད་པའི་ནང་བོད་རིགས་ལས་བཟོ་བ255ཡོད། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཀུང་སིས་མ་དངུལ་བཏང་ནས་རྒྱ་མ་ཤང་གྱི་ཁྱིམ་དུད655ཡི་རོང་འབྲོག་པ3850སྒྲིག་འཛུགས་བྱས་ཏེ། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་བཟོ་ལས་ཉོ་ཚོང་ཚད་ཡོད་ཀུང་སི་བཙུགས་ནས། ཕྱོགས་ཡོངས་ནས་གཏེར་རི་སྐྱེལ་འདྲེན་དང་ལྗང་སྒྱུར་ཁོར་སྲུང་། ངལ་ལས་འགན་གཙང་ལེན་སོགས་ཀྱི་ལས་སྒོ་ཁག་འགན་འཁུར་ཡོད།

མི་རིགས་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་སྒྲིལ་བྱས་ནས་འབད་འབུངས་མཉམ་བརྩོན་གྱི་ལེའུ་གསར་བ་བརྩམས་པ།

གཞིས་ཀ་རྩེ་གྲོང་ཁྱེར་རིན་སྤུངས་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི“འགྲོ་འོང་། བརྗེ་རེས། མཉམ་འདྲེས”ཐང་ཆེན་ནི་ས་གནས་ཀྱིས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བདེན་དཔང་ཡིན། 

ཕུ་སྣ་གྲོང་ཚོ་རྒྱལ་ལམ318གྱི་འགྲམ་རྒྱུད་དུ་གནས་ཤིང་གྲོང་ཚོ་ཡོངས་ཀྱི་ཁྱིམ་དུད59ཚང་མ་ས་ཁུལ་མི་འདྲ་བ་ནས་ཡོང་བའི་མི་ཡིན། གྲོང་ཚོ་དེའི་མི་རིགས་མཐུན་སྒྲིལ་གྲོང་སྲོལ་དམངས་ཆིངས་ནང་བཅུག་ཡོད་པ་དང་། ལོ་རེར་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱ་རྒྱུ་གཏན་ལ་ཕབ་ཡོད།

2023ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལེགས་བཅོས་དང་ཤུགས་སྣོན་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་ཐིག མི་རིགས་སོ་སོའི་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་པ་གཞི་རྩའི་ཐབས་ལམ་དུ་བྱས་ནས། རྒྱལ་ལམ318དང་ཞིང་ལམ219ཡི་འགྲམ་རྒྱུད་དུ“སེ་འབྲུའི”གསར་བརྗེའི་ས་ཚིགས43བསྐྲུན་ཏེ། རྐང་ཐང་དང་ལྕགས་རྟ་སྐོར་ནས་འགྲོ་མཁན། སྒེར་འཁོར་སྐོར་བའི་ཡུལ་སྐོར་བའི་གྲངས་འབོར་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང་ལམ་རྒྱུད་ཀྱི་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་བལྟོས་བཅས་དཀོན་པའི་འགལ་བ་ཁྱད་བསལ་བྱས་ཤིང་། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སྔར་བས་ལན་མང་དང་གཏིང་ཟབ་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཇེ་བརྟན་དུ་བཏང་ཡོད།

2023ལོར། བོད་ལྗོངས་ཀྱིས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་ཤུགས་སྣོན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཕན་ཚུན་རོགས་འདེགས་ཀྱི་སྡེ་ཁུལ་བཏོད་དེ། མི་རིགས་སོ་སོའི་མང་ཚོགས་མཉམ་དུ་སྡོད་པ་དང་མཉམ་དུ་སློབ་སྦྱོང་། མཉམ་སྐྲུན། མཉམ་སྤྱོད་ཀྱི་རྣམ་པ་ཆགས་ཡོད་ལ། ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་སོགས་སུ་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱི་སྲང་ལམ(སྡེ་ཁུལ། ཁྱིམ་ཚང)གྱི་དཔེ་མཚོན་སྐོར་ཞིག་བྱུང་ཡོད།

དེང་སྐབས། བོད་ལྗོངས་ཀྱི་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་སྔར་བས་གཏིང་ཟབ་དང་། ཆབ་སྲིད་བརྟན་བརླིང་། སྤྱི་ཚོགས་གཏན་འཇགས། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་བརྟན་པོ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན་པས། སྤྱི་ཚོགས་ཡོངས་སུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་འཕེལ་རྒྱས་ཀྱི་སྣང་ཚུལ་ལེགས་པོ་མངོན་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།