ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2023-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་ལྟར་ན། 2023ལོར་སླེབས་ཚུན་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པ་གཙོ་བོར་བཟུང་ནས་གཅིག་གྱུར་འཆར་འགོད་དང་གནད་ཁེལ་ཤུགས་འདོན་བྱས་ནས། ཕྱོགས་ཡོངས་ནས་བོད་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་ཐོབ། 2023ལོར་བོད་ལྗོངས་སུ་གཞིས་ཀ་རྩེ་དང་ནག་ཆུ་གྲོང་ཁྱེར། སྟེང་ཆེན་རྫོང་། ལྷ་རི་རྫོང་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ4གསར་དུ་བསྣན་ཞིང་། གྲོང་ཁྱེར་དང་ས་ཆ་བདུན་གྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་བསྐྲུན་ཚད་སྔོན་ལ100%ཡི་དམིགས་ཚད་དུ་ཐོན་ནས། བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ཁོངས་ཡོངས་དཔེ་སྐྲུན་ཚད་གཞི་ལོན་པའི་ཞིང་ཆེན་གཅིག་པུར་གྱུར།

བོད་རང་སྐྱོང་ལྗོངས་ཀྱིས་གཏིང་ཟབ་སྒོས་འབག་བཙོག་འགོག་བཅོས་མཁྲེགས་གཏོར་མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཆེན་པོ་བདུན་བརྒྱབ་ནས། བོད་ལྗོངས་ཡོངས་ཀྱིས་རིགས་སོ་སོའི་རླངས་འཁོར་རྙིང་བ་ཁྲི19.3དོར་ཞིང་ནུས་ཁུངས་གསར་བའི་རླངས་འཁོར5225དང་། ནུས་ཁུངས་གསར་བའི་སྤྱི་སྤྱོད་རླངས་འཁོར757སྤྱོད་པར་ཁྱབ་གདལ་དུ་བཏང་། ཕྱོགས་ཡོངས་ནས་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་བཏུང་ཆུའུ་ཆུ་ཁུངས་ཁུལ་བཅོས་སྐྱོང་མཁྲེགས་གཏོར་དམག་འཐབ་ལག་བསྟར་བྱས་པས། བསྡོམས་པས་བཅོག་འབུད་མདོ་ཁ628དང་གྲོང་ཚོའི་བཏུང་ཆུའི་ཆུ་ཁུངས་ཁུལ259ལ་བཅོས་སྐྱོང་བྱས་ཤིང་། ཆུ་ཁུངས་ཁུལ་སྲུང་སྐྱོང་རྣམ་གྲངས35ལག་བསྟར་བྱས་པས་བོད་ལྗོངས་ཡོངས་ཀྱི་ཆུ་བོ་གཙོ་བོའི་ཆུའི་སྤུས་ཚད་རིམ་པⅢལས་ལེགས་ཤིང་ཆུའི་བསྡུར་ཚད100%རྒྱུན་འཁྱོངས་བྱས་ཡོད། གྲོང་རྡལ་གྱི་གཅིག་སྡུད་རང་བཞིན་གྱི་བཏུང་ཆུའི་ཆུ་ཁུངས་ཁུལ་གྱི་ཆུའི་སྤུས་ཚད100%ཡི་ཚད་གཞིར་ལོན་པ། ས་རྒྱུ་འབག་བཙོག491གནས་ཚུལ་བརྟག་དཔྱད་ལེགས་འགྲུབ་ཟིན་ནས་སྲིད་འཛིན་གྲོང་ཚོ109གྲོང་གསེབ་ཁོར་ཡུག་ལེགས་བཅོས་ལག་བསྟར་བྱས་པ། གཙོ་གནད་འཛུགས་སྐྲུན་སྤྱོད་བདེ་འཇགས་བེད་སྤྱོད་ཚད་རྒྱུན་མཐུད་ཀྱིས100%རྒྱུན་འཁྱོངས་བྱས། འབག་བཙོག་ཐེབས་པའི་ས་ཞིང་བདེ་འཇགས་བེད་སྤྱོད་བྱེད་ཚད92%ཡན་ཟིན་ཡོད།

ངོ་སྤྲོད་ལྟར་ན། རྗེས་མར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱུན་མཐུད་ངང་རྒྱལ་ཡོངས་དང་བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས། ལས་དོན་གཙོ་གནད་འབུར་ཐོན་དང་། བདེན་འཛིན་གསར་སྤེལ་རྒྱུན་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལངས་ཕྱོགས་སྔར་ལས་མཐོ་ཞིང་མཐོང་རྒྱ་སྔར་ལས་བསྐྱེད་པ། ཤུགས་རྒྱག་ཚད་སྔར་ལས་ཆེ་བའི་ངང་སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་བོད་ལྗོངས་བསྐྲུན་པར་ཇུས་འགོད་དང་ལག་བསྟར་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།