ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་གྱི་ས་ཆུ་ནུས་པ་ཤོར་བའི་རྒྱ་ཁྱོན་མུ་མཐུད་ཆག་པ་དང་ན་ནིང་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5257ཟིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོར་སི་ཁྲོན་གྱི་ས་ཆུ་ནུས་པ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5257.62ཟིན་ནས། ས་ཆུ་ནུས་པ་ཤོར་བའི་རྒྱ་ཁྱོན་མུ་མཐུད་དུ་ཉུང་དུ་ཕྱིན་ཡོད། ཟླ5པའི་ཚེས30ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར《སི་ཁྲོན་ཞིང་ཆེན་གྱི་ས་ཆུ་ནུས་པ་སྲུང་འཛིན་སྤྱི་བསྒྲགས(2024ལོ)》ཐོག་ཁྱབ་བསྒྲགས་བྱས་པ་ལྟར་ན། 2023ལོ་དང་བསྡུར་ན། ན་ནིང་ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2261.65ཉུང་དུ་ཕྱིན་ལ། ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་སྲུང་འཛིན་བྱེད་ཚད79.34%ལ་སླེབས་ཡོད། 

སྤྱི་ཡོངས་ནས་བལྟས་ན། སི་ཁྲོན་ཞིང་ཆེན་གྱི་ས་ཆུ་ནུས་པ་ཤོར་བའི་རྒྱ་ཁྱོན་ཉུང་དུ་འགྲོ་བའི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་ཡོད། སྤྱི་བསྒྲགས་ལས་མངོན་པ་ལྟར་ན།2024ལོར་ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་སྲུང་འཛིན་གྱི་གཙོ་གནད་ལས་གཞིའི་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1615.96དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ལས་གྲྭའི་བྱེད་ཐབས་དང་རྩི་ཤིང་གི་བྱེད་ཐབས། རྨོ་འདེབས་བྱེད་ཐབས་བཅས་བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་དག་གཙང་འབབ་རྒྱུད་ཆུང་བ15འཛུགས་སྐྲུན་བྱས། 

2023ལོར། ཞིང་ཆེན་ཏང་ཨུ་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《དུས་རབས་གསར་པའི་ས་ཆུ་ནུས་པ་སྲུང་འཛིན་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམས་བྱས་ནས། ས་ཆུ་ནུས་པའི་སྲུང་སྐྱོང་བྱེད་ནུས་དང་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བའི་གྲོས་གཞི་བཏོན་ཡོད། མིག་སྔར། སི་ཁྲོན་གྱིས་རྫོང(གྲོང་ཁྱེར་དང་ཆུས)བརྒྱད་དུ་ས་ཆུ་ནུས་པ་སྲུང་འཛིན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་བསྒྱུར་ཉོ་ཚོང་ལས་དོན་སྤེལ་བའི་གཞི་རྩའི་གཏན་འཁེལ་བྱས་ཡོད། ད་ལོར་ཉོ་ཚོང་དེ་བས་མང་པོ་འཇོག་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་རེད། 《ལག་བསྟར་ཇུས་གཞི》ནང་། 2025ལོར་བསླེབས་སྐབས་ས་ཆུ་ནུས་པ་ཤོར་བའི་གནས་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་སྲུང་འཛིན་བྱེད་ཚད79%ཡན་ཟིན་རྒྱུ་དང་། 2035ལོར་བསླེབས་སྐབས་ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་སྲུང་འཛིན་བྱེད་ཚད83%ཡན་ཟིན་ནས། སྐྱེ་ཁམས་མ་ལག་གི་ས་ཆུ་ནུས་པ་སྲུང་འཛིན་ནུས་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་རེད། 2024ལོར་ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་སྲུང་འཛིན་བྱེད་ཚད79.34%ཟིན་ཡང་། སི་ཁྲོན་གྱིས《ལག་བསྟར་ཇུས་གཞིའི》དམིགས་ཚད་སྔ་སྣུར་དུ་ལེགས་འགྲུབ་བྱུང་བ་མ་ཡིན་པར། ས་ཆུ་ནུས་པ་ཤོར་བའི་བཅོས་སྐྱོང་ལས་དོན་དེ་ཆུ་བོའི་གྱེན་དུ་གྲུ་གཏོང་བ་ནང་བཞིན། གལ་ཏེ་རྒྱུན་མཐུད་ཀྱིས་ས་ཆུ་ནུས་པ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་མ་བྱས་ཚེ། དེ་སྔོན་གྱི་གྲུབ་འབྲས་ཐམས་ཅད་ཡལ་འགྲོ་བ་ཡིན་ཞེས། ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་མཁན་བས་བཤད་པ་དང་། སྔོན་ཆད་གྲུབ་འབྲས་ལེགས་པོ་ཐོབ་ཡོད་མོད། འོན་ཀྱང་ཞིང་ཆེན་ཡོངས་ཀྱི་ས་ཆུ་ནུས་པ་ཤོར་བ་རྒྱ་ཆེ་ཞིང་འབོར་ཆེན་ཡིན་པ་མ་ཟད། ལོ་མང་རིང་རྒྱུན་མཐུད་ངང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། ལྷག་མ་མང་ཆེ་བ་ནི་དཀའ་གནད་ཏག་ཏག་ཡིན་པས། འགོག་བཅོས་ལས་འགན་སྔར་བཞིན་ལྗིད་མོ་ཡོད་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།