ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀྲེ་ཅང་གིས་རྔ་བ་ཁུལ་དུ་ལས་གཞི141ལག་བསྟར་བྱས་ཏེ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར6.5གཏོང་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྒྱལ་མོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ད་ལོ་ཀྲེ་ཅང་གིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར6.5བཏང་སྟེ། རྔ་བ་ཁུལ་དུ་ཁ་གཏད་རོགས་སྐྱོར་གྱི་ལས་གཞི141ལག་བསྟར་བྱ་རྒྱུ་རེད།

རོགས་སྐྱོར་ཀྱི་ལས་གཞི་ནི་གཙོ་བོ་ལས་བྱེད་པའི་ཤེས་ལྡན་མི་སྣ་བརྗེ་རེས་མཉམ་ལས་དང་། ཐོན་ལས་རོགས་སྐྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་ལེགས་བཅོས། མི་རིགས་སོ་སོ་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་ཕྱོགས་ལྔ་ལ་དམིགས་ནས་སྤེལ་བ་དང་། དེ་ནང་གཙོ་བོ་སློབ་གསོ་དང་སྨན་བཅོས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་། སྒོ་འགྲམ་གྱི་ལས་ཞུགས་ལས་ཤག་རྒྱ་ཆེར་སྤེལ་བ། “དག་ཞིང་རྔ་བ”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་གསོ་སྐྱོང་། ཀྲེ་ཅང་གི་བྱམས་བརྩེའི་ལམ་ཆས། ཀྲེ་ཅང་ཚོད་ལྟའི་འཛིན་གྲྭའི་དགེ་རྒན་གྲགས་ཅན་གྱི་གཞུང་ལས་ཁང་སོགས་ཀྱི་ལས་གཞི་འདུས།

མང་ཚོགས་ལས་དོན་དང་། ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་འཕེལ་རྒྱས་བཅས་ནི་རྔ་བ་ཁུལ་གྱིས་ད་ལོར་གཏན་འཁེལ་བྱས་པའི་དོན་ཆེན་གསུམ་ཡིན། དེར་བརྟེན། རྔ་བ་ཁུལ་གྱིས་མང་ཚོགས་ལས་དོན་གྱི“སེ་འབྲུའི་ས་བོན”ལས་གཞི་སྤེལ་མགོ་ཚུགས་ཏེ། འགུལ་སྐྱོད་ཆེན་པོ་དྲུག་སྤེལ་དགོས་པ་བཏོན་པ་དང་། ཀྲེ་ཅང་གིས་རོགས་སྐྱོར་ལས་གཞི་ཐད་ནས་དེ་མཚུངས་ཀྱི་བཀོད་སྒྲིག་བྱས་ཡོད།

དཔེར་ན། ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་འགུལ་སྐྱོད་གཏིང་ཟབ་དང་དངོས་སུ་བསྒྲུབ་པར་དམིགས་ནས། ཀྲེ་ཅང་གིས་རིག་གནས་ཡུལ་སྐོར་དང་ཞབས་ཞུ། ཞིང་ལས། ངལ་ལས་སོགས་མངའ་ཁོངས་བཞི་རུ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་ལས་ཞུགས་ལ་སྐུལ་ཁྲིད་ཀྱི་ནུས་བ་མངོན་གསལ་འདོན་ཐུབ་པའི“ཀྲེ་ཅང་དང་རྔ་བའི་སྒོ་འགྲམ་གྱི་ལས་ཞུགས་ལས་ཤག”10བསྐྲུན་ཡོད་དེ། ཕྱོགས་གཅིག་ནས་རྔ་བ་ཁུལ་གྱི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་སྟེང་སྒྱུར་ནས་ཡོང་འབབ་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཀྲེ་ཅང་གི་སྔོན་ཐོན་གྱི་འདུ་ཤེས་ནང་འདྲེན་བྱས་ནས་རྔ་བ་ཁུལ་གྱི་སྲོལ་རྒྱུན་ཐོན་ལས་ཚུལ་བསྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་།

སྤྱི་ཕན་ལས་གཞིའང་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་ལས་གཞི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དཔེར་ན་ད་ལོར་ལག་བསྟར་བྱ་རྒྱུ་ཡིན་པའི“དྲོ་སེམས་སྲུང་བ། བདེ་ཐང་རྔ་བ”ཞེས་པའི་སྤྱི་ཕན་གྱི་རོགས་སྐྱོབ་བྱ་འགུལ་གྱིས་འབར་ཁམས་གྲོང་ཁྱེར་དང་རྔ་བ་རྫོང་། ཧུང་ཡོན་རྫོང་། འཛམ་ཐང་རྫོང་། ལི་རྫོང་བཅས་ཝུན་ཀྲོའུ་ཡིས་རོགས་སྐྱོར་བྱེད་པའི་རྫོང(གྲོང་ཁྱེར)5ཡི་རོགས་སྐྱོབ་བྱ་དགོས་པའི་ལོ0ནས16བར་གྱི་དམིགས་བསལ་ཚོགས་སྤྱི་ལ་སྨན་བཅོས་རོགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། རྨང་གཞི་དེའི་ཐོག་ནས་ཝུན་ཀྲོའུ་དང་རྔ་བ་ས་གནས་གཉིས་ཀྱིས་ལག་གདང་སྦྲེལ་ནས་སྨན་བཅོས་ཀྱིས་གཞོགས་འདེགས་རྒྱབ་སྐྱོར་དང་། ནད་ཕོག་པའི་མང་ཚོགས་ལ་གླ་ཡོན་མི་དགོས་པར་བཅོས་སྐྱོབ། གཅེས་སེམས་མི་སྣས་ཐུན་མོང་གིས་རོགས་སྐྱོར་བྱེད་པའི་སྨན་བཅོས་ཀྱི་རོགས་སྐྱོར་རྣམ་པ་གསར་པ་ཞིག་གཏོད་རྒྱུ་རེད།

གཞན་ཡང་། ཝུན་ཁྲོན་སློབ་འབྲིང་དུ་ཚོད་ལྟ་རང་བཞིན་གྱི“ཀྲེ་ཅང་ཚོད་ལྟ་འཛིན་གྲྭ”འཛུགས་པའི་འཆར་གཞི་ཡོད་པ་དང་། ཀྲེ་ཅང་གིས་འདེམས་སྒྲུག་བྱས་པའི་དགེ་རྒན་གྲགས་ཅན་ནམ་ཀྲེ་ཅང་གི་ཕུལ་བྱུང་ལས་འཁྱུར་ངལ་གསོའི་དགེ་རྒན་ཝུན་ཁྲོན་སློབ་འབྲིང་དུ་མངགས་ནས་སློབ་གསོ་རོགས་སྐྱོར་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྒྱལ་མོ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : རྒྱལ་མོ་སྐྱིད།