ཀྲུང་གོ་བོད་ཀྱི་དྲ་བ།

ཁྲུང་ཁྲུང་སྐེ་ནག་ཐེངས་དང་པོར་སྐུ་བླ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྒྱལ་མོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་གསལ་ལྟར་ན། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་དང་སྐུ་བླ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལས་དོན་མི་སྣས་ཉེ་ཆར་སྲུང་སྐྱོབ་ཁུལ་གྱི་འདམ་རར་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱེད་དུས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་སྟེ་ཁྲུང་ཁྲུང་སྐེ་ནག5གསར་དུ་མཐོང་། དེ་ནི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁུལ་འདིའི་ནང་དུ་ཐོག་དང་པོར་བརྙན་དུ་བླངས་བའི་ཟིན་ཐོ་ཡིན།

པར་ལེན་གནམ་གྲུས་བླངས་བའི་པར་རིས་ལྟར་ན། ཁྲུང་ཁྲུང་སྐེ་ནག་ལྔ་འདམ་རའི་སྲབ་གྲམ་ཁུལ་དུ་སྒེག་ཉམས་དོད་པོས་གོམ་པ་སྤོས་ནས་འཆམ་འཆམ་བྱེད་བཞིན་ཡོད་པ་དང་། མཚམས་རེར་མགོ་སྒུར་ནས་ཟས་འཚོལ་བཞིན་ཡོད་པ་དང་མཚམས་རེར་གཤོག་པ་བརྐྱངས་བཞིན་ཡོད། ཁྲུང་ཁྲུང་སྐེ་ནག་ནི་སའི་གོ་ལའི་ཁྲུང་ཁྲུང་རིགས་རྒྱུད15ཡོད་པའི་ཁྲོད་དུ་མཐོ་སྒང་གི་ཁྲུང་ཁྲུང་འབའ་ཞིག་ཡིན་པའི་ངོས་ནས“མཐོ་སྒང་སྐྱེ་ཁམས་མཛུབ་སྟོན་གྱི་སྐྱེ་དངོས”ཞེས་པའི་མཚན་སྙན་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་འཛམ་གླིང་གི་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་འཇིག་ཉེའི་དངོས་རིགས་ཡིན། ད་ཐེངས་ཁྲུང་ཁྲུང་སྐེ་ནག་གི་ས་ངོས་བརྟག་དཔྱད་མཇུག་འབྲས་ཀྱིས་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་གྲངས་མཛོད་ཁ་གསབ་འཐུས་ཚང་དུ་བཏང་བ་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་སྲུང་སྐྱོབ་ཁུལ་གྱིས་ཞིང་ཆེན་སྐྱེ་ཁམས་ཚན་རིག་གླིང་གི“རྨང་ལྔ་མཐུན་སྦྱོར་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག”སྤྱད་དེ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་འཚོལ་ཞིབ་ལ་བསམ་ཕྱོགས་དང་ཁ་ཕྱོགས་མཁོ་འདོན་བྱས། ཞིང་ཆེན་སྐྱེ་ཁམས་ཚན་རིག་གླིང་གི་འབྲེལ་ཡོད་འགན་འཁུར་བས་རྒྱུན་མཐུད་ངང་ཚན་རྩལ་གསར་གཏོད་ལྟེ་བའི་སྒུལ་ཤུགས་སུ་བྱས་ནས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྔར་ལས་བློ་གྲོས་ལྡན་པའི་ལྟ་ཞིབ་ཚད་ལེན་མ་ལག་དང་། སྔར་ལས་གནད་ལ་འཁེལ་བའི་ཐེ་གཏོགས་ཇུས་གཞི། སྔར་ལས་སྒོ་འབྱེད་ཀྱི་ཚན་རིག་ཞིབ་འཇུག་མཉམ་ལས་བཅས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།  ། 

 
རྩོམ་སྒྲིག་པ། : རྒྱལ་མོ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : རྒྱལ་མོ་སྐྱིད།