ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོར་སི་ཁྲོན་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར4427.7ཟིན་ནས་དུས་མཉམ་ལས1.4%འཕར་ཡོད། ཟླ2པའི་ཚེས19ཉིན་གསར་འགོད་པས་ཁྲེང་ཏུའུ་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་སི་ཁྲོན་གྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད།
ཁྲེང་ཏུའུ་ཨོའུ་ཁང་སྨན་རྫས་མ་རྐང་ཚད་ཡོད་ཀུང་སིར་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཕུལ་དུ་བྱུང་བའི་དབང་གིས་ཁེ་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཐོབ་སྐལ་གོ་ལ་ཧྲིལ་པོའི་རིགས་མཚུངས་ཐོན་རྫས་ཁྲོད་ཐོག་མཐའ་བར་གསུམ་དུ་མདུན་གྲལ་དུ་སླེབས་ཡོད་པ་དང་། ན་ནིང་གི་ཕྱིར་གཏོང་མངགས་ཐོ་དུས་མཉམ་ལས30%ཡན་འཕར་ཡོད་པ་རེད། ཁེ་ལས་དེའི་འབྲེལ་ཡོད་འགན་འཁུར་མཁན་བས“ཁྲོམ་རའི་མདུན་ལམ་ལ་བརྡར་ཤ་གཅོད་པའི་ཆེད་དུ་ང་ཚོས་དུས་ཐེངས་གཉིས་པའི་བཟོ་གྲྭའི་བཟོ་སྐྲུན་ལ་མ་འཇོག་བྱས་པ་དང་། སྔོན་དཔག་བྱས་ན་བེད་སྤྱོད་བྱས་རྗེས་ཀུང་སིའི་ཐོན་ཚད་ལྡབ1.5ཡན་འཕར་ཐུབ”ཅེས་ངོ་སྤྲོད་བྱས།
སི་ཁྲོན་ཆི་དབྱིན་འབུ་ཕྲའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་འཁོར་རྒྱུག་ཐོན་སྐྱེད་མ་ལམ་ཐོག་ཞིན་པའོ་ཤ་མོ་སྐོར་དང་སྐོར་བྱས་ཏེ། འཐོག་པ་དང་། ཐུམ་སྒྲིལ་བྱེད་པ། སྒམ་ནང་བླུགས་པ་བཅས་བྱས་ནས། ཡའོ་ནན་དང་ཐའེ་གོ་སོགས་རྒྱལ་ཁབ་ལ་གཅིག་རྗེས་གཉིས་མཐུད་ངང་ཕྱིར་གཏོང་བྱེད་ཀྱིན་ཡོད། ཆི་དབྱིན་འབུ་ཕྲའི་ལས་རིགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་ཀུང་སི་དེའི་ཤ་མོ་སོས་པ་ཕྱིར་གཏོང་གི་ཐོན་རྫས་རིན་ཐང་སྒོར་ཁྲི2000ཟིན་ཡོད་པ་དང་། མིག་སྔར་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་ལས་སྒོ་གསར་པའི་གྲོས་མོལ་བྱེད་བཞིན་ཡོད་པས། མངགས་ཐོས་མཁོ་སྤྲོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད།
ཉེ་བའི་ལོ་ཤས་རིང་། དམངས་གཉེར་དཔལ་འབྱོར་ནི་སི་ཁྲོན་གྱི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱི་ཕྱེད་ཀ་ཟིན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ན་ནིང་སི་ཁྲོན་དུ་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ཡོད་པའི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར8000ལས་བརྒལ་ནས་དུས་མཉམ་ལས11.6%འཕར་ཡོད། གྲངས་འབོར་མགྱོགས་མྱུར་ངང་འཕར་བ་མ་ཟད། ཆེད་ལས་དང་སྤུས་ལེགས་ཁེ་ལས་གསར་པའི་ཕྱིར་གཏོང་ནང་འདྲེན་གྱི་གྲངས་འབོར་གྱིས་བཟུང་བའི་བསྡུར་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། དམངས་གཉེར་ཁེ་ལས་ཀྱིས་རང་བདག་སྤུས་རྟགས་ཀྱི་ཚོང་ཟོག་ཕྱིར་གཏོང་བརྟན་རླིང་སྒོས་རྒྱུན་འཁྱོངས་བྱས་ནས། ཕྱི་ཕྱོགས་ཚོང་དོན་གྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། །