ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། རོང་བྲག་རྫོང་གི་སྟོང་དགུ་གྲོང་རྡལ་ནས་རྟའུ་རྫོང་གི་ལུང་བསྟན་ཤང་བར་གྱི་རྫོང་བརྒལ་གཞུང་ལམS571བསྐྱར་སྐྲུན་ལས་གཞི་དངོས་སུ་མགོ་ཚུགས།
ལས་གཞི་འདིའི་རིང་ཚད་སྤྱི་ལེ82.72ཙམ་ཡིན་པ་དང་། དེ་ནི་རོང་བྲག་རྫོང་དང་རྟའུ་རྫོང་གཉིས་འཕྲེད་ཕྱོགས་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། རོང་བྲག་རྫོང་གི་སྟོང་དགུ་གྲོང་རྡལ་དང་རྟའུ་རྫོང་གི་ཤར་གྲོང་ཤང་། ལུང་བསྟན་ཤང་སོགས་ཀྱི་ཤང་དང་གྲོང་རྡལ་ཕན་ཚུན་འབྲེལ་མཐུད་བྱེད་པའི་འགྲོ་ལམ་གཙོ་བོ་ཞིག་ཀྱང་ཡིན།
རྟའུ་རྫོང་ཤར་གྲོང་ཤང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཤང་ཀྲང་ཞུས་ཝུན་ཅིན་གྱིས“སྔོན་ཆད་ཤང་ཐོག་གི་སྡེ་མི་རྣམས་རྫོང་ཐོག་ཏུ་འགྲོ་སྐབས་རོང་བྲག་རྫོང་གི་སྟོང་དགུ་གྲོང་རྡལ་དང་རྟའུ་རྫོང་གི་བ་སྨད་གྲོང་རྡལ་བརྒྱུད་དགོས་ཤིང་། བསྡོམས་པས་སྤྱི་ལེ168ཡོད”ཅེས་བཤད། “གཞུང་ལམ་འདི་བསྐྲུན་ཚར་རྗེས་ཐད་ཀར་རྫོང་དུ་འགྲོ་ཐུབ་པ་དང་། དུས་ཚོད་གྲོན་ཆུང་བྱས་པ་མ་ཟད་སྔར་གྱི་བགྲོད་ལམ་ཆར་དུས་སུ་རྡོ་འགྲིལ་མང་བའི་གནས་ཚུལ་ལས་ཀྱང་གཡོལ་ཐུབ་པས། བདེ་འཇགས་ལ་སྔར་བས་འགན་ལེན་བྱེད་ཐུབ”ཅེས་བཤད།
གཞན་ཡང་། གསར་དུ་བསྐྲུན་པའི་གཞུང་ལམ་གྱིས་ད་དུང་གངས་རིའི་འགག་རྒྱུ་སོགས་མཛེས་ལྗོངས་ལྟ་ན་སྡུག་པའི་ས་ཆ་མང་པོ་ཞིག་སྦྲེལ་མཐུད་བྱས་ཡོད་པ་དང་། ལུང་བསྟན་ཤང་གི་ལུང་བསྟན་རྩྭ་ཐང་ཆེན་པོར་མཚམས་བཞག་ཡོད་དེ། G350བ་སྨད་ནས་རྟའུ་བར་གྱི་ལམ་དང་སྦྲེལ་རྒྱུ་ཡིན།
“གཞུང་ལམ་འདིའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས། སླད་ཕྱིན་ང་ཚོས་ཡུལ་སྐོར་སྐོར་ལམ་ཆུང་ཆུང་གསར་པ་ཞིག་འདོན་རྒྱུ་ཡིན”ཞེས་རྟའུ་རྫོང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སྐལ་བཟང་ལྷ་མོ་ཡིས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། རྟའུ་རྫོང་གིས་མྱུར་བགྲོད་གཞུང་ལམ་གྱིས་རྒྱབ་སྐྱོར་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལག་གཞུང་ལམ་རུས་སྒྲོམ་དུ་བྱས་ནས། གྲོང་གསེབ་གཞུང་ལམ་རྨང་གཞིར་བྱས་ཏེ། སྐྱེལ་འདྲེན་ལྟེ་གནས་ས་ཚིགས་མཚམས་ཚིགས་ཡིན་པའི“ནང་འབྲེལ་ཕྱི་འདྲེན་དང་སྟབས་བདེ་ཤར་གཏོང”ཡིན་པའི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་དྲ་རྒྱའི་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། རྫོང་ཡོངས་ཀྱི་གཞུང་ལམ་ཤར་གཏོང་བྱེད་པའི་ལམ་ཐག་སྤྱི་ལེ1354ཟིན་ཡོད། །