ཀྲུང་གོ་བོད་ཀྱི་དྲ་བ།

ཤྭ་སྐྱ་བརྒྱ་ཕྲག་ལྷག་སི་ཁྲོན་ཁྲོམ་རྫོང་གོང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཤྭ་སྐྱའི་ཁྱུ་ཚོགས་ཆུ་ཁུངས་འགྲམ་རྒྱུད་དུ་མངོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ་སྲུང་སྐྱོང་ཁུལ་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས་ཞི་ཧྭ་དགེ་འོས་སློབ་ཆེན་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་འཕྲོད་ཤུགས་ཞིབ་འཇུག་ཚོགས་པ་དང་མཉམ་འབྲེལ་གྱིས་སི་ཁྲོན་ཁྲོམ་རྫོང་གོང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་སྐྱེ་དངོས་སྣ་མང་རང་བཞིན་བརྟག་དཔྱད་བྱེད་སྐབས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་སྐྱ་བརྒྱ་ཕྲག་ལྷག་པར་ལེན་ཐུབ་པ་བྱུང་།

པར་མིག་ནང་དུ་ཤྭ་སྐྱའི་ཁྱུ་ཚོགས་ཀྱིས་སྲུང་སྐྱོང་ཁུལ་གྱི་རྩྭ་ཐང་གི་ཆུ་ཁུངས་འགྲམ་རྒྱུད་དུ་ངལ་གསོ་བ་དང་ཆུ་འཐུང་བ། རྩྭ་ཐང་དུ་མཆོང་རྒྱུག་བྱེད་པའི་རྣམ་པ་ནི་རྔམ་བརྗིད་ལྡན་པ་ཞིག་རེད།

ཤྭ་སྐྱ་ནི་ཀྲུང་གོའི་ཁྱད་ལྡན་སྲོག་ཆགས་རིགས་ཡིན་ལ། འཚོ་སྡོད་གནས་ས་བབ་ཆེས་མཐོ་བའི་ཤྭ་བ་རིགས་ཡིན། ཤྭ་སྐྱ་ནི་མདོ་དབུས་མཐོ་སྒང་དང་མཐའ་འཁོར(སི་ཁྲོན་ནུབ་ཕྱོགས། མཚོ་སྔོན། ཀན་སུའུ། བོད་ལྗོངས་ཤར་ཕྱོགས)གྱི་ས་བབ་སྨི3500ནས5100བར་གྱི་རི་ཁུལ་དང་མཐོ་རྒང་སྤང་ཁུལ་དུ་གནས་ཁྱབ་ཡོད། དེ་ནི་སི་ཁྲོན་ནུབ་རྒྱུད་མཐོ་གྲང་སྤང་ཁུལ་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་ཚབ་བྱེད་གཙོ་བོའི་གྲས་ཡིན།

ཉེ་བའི་ལོ་ཤས་རིང་། སེར་ཤུལ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་བརྟན་བརླིང་འཕེལ་རྒྱས་བྱུང་བ་དང་། ཚན་ཞིབ་ལྟ་ཞིབ་ཚད་འཇལ་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན། སྟོངས་ཉེ་ལྡན་པའི་སྲོག་ཆགས་རྩ་ཆེན་རིགས་ལ་སྲུང་སྐྱོང་ཐེབས་པ་མང་ཚོགས་ཀྱི་མཐོང་ལམ་དུ་མངོན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།