ཀྲུང་གོ་བོད་ཀྱི་དྲ་བ།

པར་བས་ལོ་བཅུའི་རིང་བསྟུད་མར་ཧུང་ཡོན་གྱི་ཁྲུང་ཁྲུང་སྐེ་ནག་ཟིན་ཐོར་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།


2014ལོའི་ཟླ11པའི་ཚེས11ཉིན། བརླན་ས་ནས་འཕུར་བཞིན་པའི་ཁྲུང་ཁྲུང་སྐེ་ནག


2024ལོའི་ཟླ3པའི་ཚེས1ཉིན། ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་བརླན་ས་རུ་ཡོད་པ།


2024ལོའི་ཟླ3པའི་ཚེས31ཉིན། དགུན་སྒྲོལ་མཇུག་རྫོགས་རྗེས་ཀྱི་ཁྲུང་ཁྲུང་སྐེ་ནག་གིས་བརླན་ས་རུ་ཟས་འཚོལ་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས1ཉིན་ནི“རྒྱལ་སྤྱིའི་འདབ་ཆགས་བྱ་ལ་དགའ་བའི་ཉིན་མོ”ཡིན་པ་དང་། ཟླ3པའི་ཚེས31ཉིན་རྔ་བ་ཁུལ་ཧུང་ཡོན་རྫོང་ཟླ་བ་ཁུགས་བརླན་ས་རུ་ཁྲུང་ཁྲུང་སྐེ་ནག་བརྒྱ་ཕྲག་ལྷག་གནས་དེར་འཕུར་ཡོང་ནས་ན་འདབ་ནས་ཁ་ཟས་འཚོལ་བ་རེད། “འདི་ནི་དཔུག་ཁག་སྐོར་གཉིས་པ་ཡིན”ཞེས་ལོ་མང་པོར་ཆེད་དུ་ཁྲུང་ཁྲུང་སྐེ་ནག་པར་ལེན་མཁན་ཞེ་ཧུང་ཁྲེང་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ལ་རྒྱུས་ལོན་ཟབ་མོ་ཡོད་པའི་ངང་དེ་ལྟར་བཤད། ཡང་ཁོས“ཁྲུང་ཁྲུང་སྐེ་ནག་འདི་དག་ངལ་གསོས་རྗེས་མུ་མཐུད་དུ་མཛོད་དགེའི་བརླན་སར་འཕུར་འགྲོ”ཟེར། 

ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་མཐོ་སྒང་དུ་འཚོ་སྡོད་བྱེད་པ་དང་རིགས་རྒྱུད་སྤེལ་བའི་ཁྲུང་ཁྲུང་རིགས་ཁོ་ན་ཡིན། ལོ་རེའི་ཟླ3པའི་ཟླ་སྨད་དུ་ཡུན་ཀུའེ་མཐོ་སྒང་དུ་དགུན་སྒྲོལ་བྱེད་པའི་ཁྲུང་ཁྲུང་སྐེ་ནག་རིམ་བཞིན་ཧུང་ཡོན་དང་མཛོད་དགེ་སོགས་སུ་འཕུར་ཡོང་ནས་རིགས་རྒྱུད་སྤེལ་བ་དང་། ཟླ11པར་གནམ་ཟླ་ཇེ་འཁྱགས་སུ་ཕྱིན་ཚེ་ཁྲུང་ཁྲུང་སྐེ་ནག་དེ་དག་ཡང་བསྐྱར་ལྷོ་ཕྱོགས་སུ་གནས་སྤར་བ་རེད།

ཧུང་ཡོན་རྩྭ་ཐང་ཆེན་མོ་ནི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་གནས་གལ་ཆེན་དང་རིགས་རྒྱུད་སྤེལ་ས་ཡིན། ཞེ་ཧུང་ཁྲེང་མཐོ་སྒང་གི་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་ལ་དགའ་ཞན་ཆེ་བས2014ལོ་ནས་བཟུང་པར་ལེན་མགོ་བརྩམས། ཁོ་ལོ་ངོ་བཅུ་རིང་གི་འགྱུར་ལྡོག་ལ་རང་ཉིད་ཀྱི་གཏིང་ཟབ་པའི་བསམ་ཚུལ་ཡོད། “དུས་ཐོག་ཏུ་ཟླ་བ་ཁུགས་བརླན་སར་ཁྲུང་ཁྲུང་སྐེ་ནག10ལྷག་མ་གཏོགས་མེད་ལ། དེ་དག་མིའི་རིགས་འགུལ་སྐྱོད་ལ་འཇིགས་སྣང་སྐྱེས་བཞིན་ཡོད་པས་དེ་དག་པར་ལེན་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན”ཟེར། 

ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ་སྐྱེ་ཁམས་ལྗང་སྒྱུར་དང་ཕྱུགས་བཀག་བརླན་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བརླན་སའི་སྔོ་ཁེབས་ལ་སླར་གསོ་བྱུང་བ་དང་། བརླན་སའི་རྒྱ་ཁྱོན་ཡང་རྒྱུན་མཐུད་ངང་ཆེ་རུ་ཕྱིན། ས་གནས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་མི་རྣམས་འདབ་ཆགས་ལ་དགའ་བའི་འདུ་ཤེས་ཀྱང་མཐོ་རུ་ཕྱིན་པས་འདབ་ཆགས་རྩ་ཆེན་རིགས་སྔར་ལས་མང་པོ་གནས་འདིར་གཞིས་ཆགས་པ་རེད། “ད་ལྟ་མི་ཚང་མས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོང་བྱས་པས། ཁྲུང་ཁྲུང་སྐེ་ནག་གི་སྤོབས་པ་ཡང་ཆེར་ཕྱིན་ནས། ལོ་རེར་ཁྲུང་ཁྲུང་སྐེ་ནག་བརྒྱ་ཕྲག་ལྷག་གནས་འདིར་འཚོ་སྡོད་བྱེད་བཞིན་ཡོད”ཅེས་ཞེ་ཧུང་ཁྲེང་གིས་དེ་ལྟར་བཤད། ཁོང་གིས“མ་འོངས་པར་ང་ཚོས་ཁྲུང་ཁྲུང་སྐེ་ནག་གི་པར་དང་བརྙན་སྔར་ལས་མང་བ་ལེན་རྒྱུ་ཡིན”ཟེར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།