ཀྲུང་གོ་བོད་ཀྱི་དྲ་བ།

​“ལི་སྡོང་དཔལ་འབྱོར”གྱི་འབབ་འཕར་ལམ་བུ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཟླ་གསུམ་པར་རབ་ཏུ་བཞད་པའི་ལི་སྡོང་མེ་ཏོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ད་ལོར་ལི་སྡོང་མེ་ཏོག་རབ་ཏུ་བཞད་པའི་ཚུན། ཡུལ་སྐོར་པ་མང་པོའི་ཡིད་སེམས་བཀུག་ཅིང་ཉིན་རེར་ཡུལ་སྐོར་པས་ཁེངས་ཡོད”ཅེས་ཟླ3པའི་ཚེས20ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་གོར་ཡུལ་ཚོའི་ཅིན་ཅང་གྲོང་ཚོའི་ཨར་ཅེ་ཁྱིམ་ཚང་མགྲོན་ཁང་གི་འགན་ཁུར་མི་སྣ་ཕིང་ཁེའུ་ལི་ཡིས་ཞོགས་པ་སྔ་མོ་ནས་མགྲོན་པོ་ཚོར་ཞོགས་ཟས་གྲ་སྒྲིག་བྱེད་ཞོར་དེ་ལྟར་བཤད། 

ཟླ3པར། ཆུ་ཆེན་གྱི་བོད་གྲོང་མདུན་དང་གནའ་མཁར་འགྲམ། ཞིང་ཁར་བཅས་སུ་ལི་སྡོང་མེ་ཏོག་ལ་ལྟ་བ་དང་ཟས་མངར་རོལ་མྱོང་བྱེད་དུ་ཡོང་བའི་ཡུལ་སྐོར་པས་ཁེངས་ཡོད། ཤིང་ཏོག་འཚོང་བ་དང་མེ་ཏོག་ལ་ལྟ་བ། ཀ་ར་ལས་པ་དང་ཆང་བསྙལ་བ། ཉེ་བའི་ལོ་ཤས་རིང་ཆུ་ཆེན་རྫོང་གིས་ཤུགས་ཆེན་པོས་ལི་ཐོན་ལས་རྒྱ་ཇེ་ཆེར་བཏང་བས། “ལི་སྡོང་དཔལ་འབྱོར”གྱི་འབབ་འཕར་ལམ་བུ་ཡང་སྔར་ལས་ཡངས་ཤིང་རྒྱ་ཆེ་རུ་གྱུར།

རྒྱང་རིང་གི་ཡུལ་སྐོར་པ་ཚོས་ལམ་ཐག་རིང་བོར་མ་འཛེམ་པར་སི་ཁྲོན་ནུབ་རྒྱུད་དུ་ལི་སྡོང་མེ་ཏོག་ལ་ལྟ་ཡོང་འདོད་པའི་རྒྱུ་མཚན་ནི། ཆུ་ཆེན་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་གིས། དེ་ནི་ཆུ་ཆེན་རྫོང་གིས་ཤིང་ཏོག་ལི་ཡི“བཞི་སྒྱུར”མུ་མཐུད་དུ་རིམ་པ་སྤར་བར་རག་ལས་ཡོད་ཟེར། 

ཤིང་ཏོག་ལི“བཞི་སྒྱུར”ཞེས་པ་ནི་ལི་མིང་རྟགས་ཅན་དང་། ལི་སྡོང་ར་བ་ལྗོངས་ཁུལ་ཅན། ལི་ཡི་ཐོན་རྫས་ཐོན་ལས་ཅན། ཐོན་ལས་གསུམ་གཅིག་སྡུད་ཅན་དུ་སྒྱུར་བ་ལ་ཟེར། ཆུ་ཆེན་རྫོང་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་གདོད་མ་རང་བཞིན་དང་ས་བབ་མཐོ་བའི་ཤིང་ཏོག་ལི་འདེབས་འཛུགས་ཁུལ་ཡིན་པས། སྡོང་རྐང་ཁྲི110ནགས་རའི་གཞི་ཁྱོན་དང་། སྤྱི་ལེ100ལྷག་གི་ཁྱབ་ཚད་ཡོད། ཡིན་ཡང་ཉེ་བའི་ལོ་ཤས་རིང་ལ་ཆུ་ཆེན་རྫོང་དུ་ཤིང་ཏོག་ལི་ཡི་མིང་རྟགས་ཉམས་ཞན་དང་། ཞིང་ཁའི་དོ་དམ་ཞིབ་ཕྲ་མིན་པ་སོགས་ཀྱི་གནད་དོན་བྱུང་བ་རེད།

ན་ནིང་། ཆུ་ཆེན་རྫོང་གིས་གླིང་ཁུལ་རིམ་སྤར་ལས་དོན་གཙོ་བོར་བཟུང་ནས། རིམ་བཞིན་མ་དངུལ་བཏོན་ནས་ཤིང་ཏོག་ལི་སྤུས་ལེགས་ཕན་ནུས་ཐོན་པའི་ལས་དོན་སྤེལ་ཏེ་ཤིང་ཏོག་ལི“བཞི་སྒྱུར”གཙོ་བོར་བྱས་ནས《ཆུ་ཆེན་རྫོང་གི་ཤིང་ཏོག་ལིའི་དེང་རབས་ཞིང་ལས་གླིང་ཁུལ་རིམ་སྤར་ཇུས་འགོད》བཟོས་པ་མ་ཟད། ཞིང་འབྲེལ་མ་དངུལ་སྒོར་ཁྲི4000བསྡུ་ལེན་བྱས་ནས“མུའུ་སྟོང་གི་དཔེ་སྟོན་དང་། མུའུ་ཁྲི་ཡི་དར་སྤེལ”ཞེས་པའི་ཤིང་ཏོག་ལི་ཡི་ཐོན་ལས་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས།

ཟླ3པའི་ཚེས17ཉིན་སྤེལ་མགོ་ཚུགས་པའི་ཆུ་ཆེན་རྫོང་གི་སྐབས་བརྒྱད་པའི་གནའ་སྡོང་ལི་སྡོང་མེ་ཏོག་དུས་ཆེན་དང་དཔྱིད་དུས་རོལ་དབྱངས་དུས་ཚིགས་བྱ་འགུལ་སྟེང་། ཤིང་ཏོག་གི་ལི་ཡི་ཝུ་ཆང་དང་། ཤིང་ཏོག་ལི་ཡི་སིལ་ཁན། ཤིང་ཏོག་ལི་ཡི་སྐོམ་ཆུ། ཤིང་ཏོག་ལི་ཡི་ཀ་ར་སོགས་ཀྱི་ཐོན་རྫས་གསར་བར་དགའ་བསུ་ཆེན་པོ་ཐོབ། 

ཟླ3པའི་ཚེས20ཉིན། ཆུ་ཆེན་རྫོང་གི་ལི་སྡོང་སྐྱེལ་ཚལ་ལྗོངས་ཁུལ་ཡུལ་སྐོར་པའི་ལྟེ་གནས་སུ་ལི་སྡོང་མེ་ཏོག་ལྟ་རུ་ཡོང་བའི་ཡུལ་སྐོར་པ་གྲལ་སྒྲིག་ནས་སྒུག་ཡོད།

ཉིན་གསུམ་གྱི་སྔོན་ན། རྔ་བ་ཁུལ་ཆུ་ཆེན་རྫོང་དང་དཀར་མཛེས་ཁུལ་རོང་བྲག་རྫོང་གཉིས་ཐོག་མར་མཉམ་འབྲེལ་བྱས་ནས་མེ་ཏོག་ལ་ལྟ་བ་དང་ཡུལ་སྐོར་བྱས་ནས་ཐམ་ག་གསོག་པའི་བྱ་འགུལ་དངོས་སུ་མགོ་ཚུགས་པ་དང་། ཡུལ་སྐོར་པས་རྒྱལ་རོང་དཔྱིད་དུས་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་ལམ་ཐིག་བརྒྱུད། གཟའ་འཁོར་གཅིག་གི་ནང་དུ་ཡུལ་སྐོར་བྱས་པའི་ཐམ་ག་བརྒྱད་ཡན་ལོན་ན་ཞིང་ལས་ཐོན་རྫས་རིགས་གཅིག་བརྗེ་ཆོག “བྱ་འགུལ་མགོ་ཚུགས་ནས་ཉིན་གསུམ་མ་འགོར་བར། ཡུལ་སྐོར་པ་མི150ལྷག་གནས་འདིར་ཡོང་ནས་ཡུལ་སྐོར་བྱས་པའི་ཐམ་ག་བསྟན་པ་ཡིན”ཞེས་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་བརྗོད། 

མེ་ཏོག་སྨྱན་བྱེད་བྱས་ནས་ལི་སྡོང་མེ་ཏོག་གིས་མཉམ་འགུལ་བྱེད་པ་ཆུ་ཆེན་རྫོང་དང་རོང་བྲག་རྫོང་མ་གཏོགས། ད་དུང་བཙན་ལྷ་རྫོང་ཡང་ཡོད། ཆུ་ཆུན་རྫོང་དང་བཙན་ལྷ་རྫོང་དང་རོང་བྲག་རྫོང་ནི་སི་ཁྲོན་ནུབ་ལྷོ་རྒྱུད་ཡུལ་སྐོར་ལམ་ཐིག་གི་གྲུབ་ཆ་གཙོ་བོ་ཡིན་པས་ས་ཁོངས་གཅིག་ལ་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད།

“ང་ཚོས་ཐེངས་འདིའི་གནའ་བའི་ལི་སྡོང་མེ་ཏོག་མགོ་ཚུགས་ས་ཞིག་ཏུ་བཟུང་ནས། མཉམ་དུ‘ཁུལ་གཉིས་རྫོང་གསུམ’དུས་ཚིགས་བཞི་ཡི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་པས། རོང་བྲག་དབུས་ལམ—བརྒྱ་བཅུ་བོད་གྲོང—མའོ་སི་ཁ—ཏང་ལིན—ཆུ་ཆེན་ལི་སྡོང་ར་བ—བཙན་ལྷའི་སྐུ་བླ་བཞི་བདག་སོགས་ཀྱི་ལྗོངས་ཁུལ་མང་པོ་བརྒྱུད་པས། ཡུལ་སྐོར་པ་ཚོས་ཐུན་མོང་མ་ཡིན་པའི་རྒྱལ་རོང་བོད་ཀྱི་དམངས་སྲོལ་རིག་གནས་རོལ་མྱོང་བྱེད་ཐུབ”ཅེས་ཆུ་ཆེན་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཀྲུང་མིན་བུན་གྱིས་དེ་ལྟར་བཤད། ཡུལ་སྐོར་ལམ་ཐིག་རྩེ་གྲ་བརྒྱུད་དེ་ཡུལ་སྐོར་པ་གནས་དེར་འདུག་པའི་དུས་ཚོད་རིང་དུ་གཏོང་བ་མ་ཟད། མུ་མཐུད་དུ་ལི་སྡོང་མེ་ཏོག་དང་ཤིང་ཏོག་ལི། ལི་སྡོང་ལོ་མའི་ཕན་འབྲས་རྒྱ་ཆེར་བཏང་ནས་མང་ཚོགས་སྔར་ལས་མང་པོར་ཕན་ཁེ་ཐོབ་པ་ཡིན། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།