ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པའི་མགོ་བརྩམས།

ཡོང་ཁུངས། : མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས།   རྩོམ་པ་པོ། : དཔལ་མགོན།   སྤེལ་དུས། : 2023-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན།  མུ་མེད་ཀྱི་རྩྭ་ཐང་དང་བང་གིས་རྒྱུག་པའི་རྟ་མཆོག་གཅིག་ཏུ་འཛོམས་པའི་རྒྱས་སྟོན་ཆེན་མོ་ཞིག་མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གཟའ་རུའི་གོར་མོ་ཐང་གི་རྟ་རྒྱུག་ར་བར་མགོ་བརྩམས།  སྔོན་ཞིང་བསངས་པའི་ནམ་མཁའ་དང་ཡངས་ཞིང་ཆེ་བའི་རྩྭ་ཐང་།   བང་རྩལ་རྒྱས་པའི་རྨ་རྒྱུད་རྟ་མཆོག  ཞོན་རྩལ་རྫོགས་པའི་རྟ་པ་སོགས།  ངོ་མཚར་ཀུན་ནས་ཕྱུག་པའི་སྣོད་བཅུད་དཔལ་ཡོན་གྱི་མེ་ཏོག་མཛོད་དགེའི་རྩྭ་ཐང་ཆེན་མོར་བཞད།

3.jpg

4.jpg

རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཧན་ཏེ་ལུང་མགོ་རྩོམ་མཛད་སྒོར་ཞུགས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པ་དངོས་སུ་མགོ་བརྩམས་པར་བསྒྲགས།  རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཏུང་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་སྟག   རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་ཝན་ལི། ཁྱིམ་སྡོད་རྫོང་རིམ་པའི་འགོ་ཁྲིད་བཅས་མགོ་རྩོམ་མཛད་སྒོར་ཞུགས།

ཉིན་དེའི་སྔ་དྲོར་རྟ་རྒྱུག་འགྲན་སྡུར་ར་བར་དར་ཆ་རླུང་གིས་བསྐྱོད་ཅིང་རྔ་སྒྲས་གནམ་ས་གཡོ་བ།  རྟ་མཆོག་བང་གིས་རྒྱུག་པ།  ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པ་སྙན་འཇེབས་ལྡན་པའི་རྒྱལ་གླུའི་ཁྲོད་དངོས་སུ་མགོ་བརྩམས། ཤན་འབྱེད་པའི་འཐུས་མི་དང་ལུས་རྩལ་བའི་འཐུས་མིས་འགྲན་ཚོགས་ཆེན་མོར་དམ་བཅའ་ཕུལ།  དེ་ནས་ཧན་ཏེ་ལུང་གིས་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པའི་མགོ་བརྩམས་པར་བསྒྲགས་དང་བསྟུན།  ཡུལ་དངོས་སུ་ཤོག་སྦག་ཚོན་ཅན་དང་དར་ཡུག་མཁའ་ལ་སྤུར་ཞིང་།  རྩྭ་ཐང་ནས་པེ་ཅིང་ལ་ཁ་ཕྱོགས་ཏེ་གུང་ཁྲན་ཏང་གི་བཀའ་དྲིན་སེམས་ལ་དྲན།  རྟ་པ160ལྷག་གིས་རྒྱལ་དར་མཐོར་བསྒྲེངས་ཏེ་ལྟད་མོ་བའི་དགའ་འབོད་ཁྲོད་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བང་གི་བརྒྱུགས་ཏེ།  ཡུལ་དངོས་ཀྱི་དགའ་སྟོན་ཡོ་ལང་རབ་ཏུ་གཡོས།

5.jpg

6.jpg

མཛོད་དགེ་རྫོང་ཨ་མདོའི་རྟ་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར།  དེ་རིང་ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པའི་མགོ་བརྩམས།  ང་ཚོས་ལོ་བཅུ་ལ་འགྲན་ཚོགས་འདི་སྤེལ་ཡོད།  ལོ་བཅུ་འདིའི་རིང་ང་ཚོའི་རྩྭ་ཐང་གི་འབྲོག་པ་མང་ཚོགས་རྣམས་སྲོལ་རྒྱུན་རིག་གནས་འདི་ལྟ་བུ་ལ་དགའ་མཁན་ཇེ་མང་ནས་ཇེ་མང་རེད། འདིས་ཁྲོན་ཀན་མཚོ་གསུམ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། ཡུལ་སྐོར་འཕེལ་རྒྱས་སོགས་ལ་ཕན་ནུས་ཆེན་པོ་འདོན་བཞིན་ཡོད།

    རྨ་རྒྱུད་རྟ་མཆོག་ནི་གནའ་བོའི་རྟ་རྒྱུད་ཅིག་ཡིན་ལ།  ཀྲུང་གོའི་རྟ་མཆོག་ཆེན་མོ་བཞིའི་གྲས་ཀྱང་ཡིན།  ལོ་རྒྱུས་སུ་དེ་ལ་ཐུ་ལུན་ཧུན་གྱི་རྟ་མཆོག་ཅེས་སུ་འབོད།  ཆིན་རྒྱལ་རབས་གོང་གི་ལོ་རྒྱུས་དུས་སྐབས་ཀྱི་དམག་རྟ་ཡིན་པའི་ཆ་ནས།  རྟ་མཆོག་འདིའི་རྟ་རྔོག་རླུང་གིས་སྐྱོད་ཅིང་རྟ་རྔ་རླུང་ལྟར་འཁྱིལ་བ།  དཔའ་ངར་ཆེ་ཞིང་འཐབ་ལ་མཁས།  མཛོད་དགེ་རྫོང་ནི་རྨ་རྒྱུད་རྟ་མཆོག་གི་ཕ་ས་ཡིན་པའི་ཆ་ནས།  ལོ་རེ་བཞིན་སྤེལ་བཞིན་པའི་ཨ་མདོའི་རྟ་རྒྱུག་འགྲན་ཚོགས་ནི་ཨ་མདོ་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་རྟ་རྒྱུག་བྱེད་སྒོ་ཡིན།  ད་ལོར་རྨ་རྒྱུད་རྟ་མཆོག་གི་རྟ་རྒྱུག་འགྲན་སྡུར་བརྗོད་དོན་གཙོ་བོར་བཟུང་ཡོད་པས། འདི་ནི་རྟ་རྒྱུག་གི་ཁྱད་ཆོས་མངོན་གསལ་ཅན་དེ་ཡིན།  མཛོད་དགེ་རྫོང་ཨ་མདོའི་རྟ་རྒྱུག་དུས་སྟོན་ནི་ཨ་མདོ་ས་ཁུལ་གྱི་བོད་རིགས་མི་དམངས་ཀྱི་འབྲོག་པའི་འཚོ་བའི་ཁྲོད་གྲུབ་པའི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་ཞིག་ཡིན་པར་མ་ཟད།  བོད་མི་རིགས་ཀྱི་དུས་ཡུན་རིང་བོའི་ལོ་རྒྱུས་རིག་གནས་འདུས་ཡོད་དེ།   ཨ་མདོའི་དམངས་གཞས་རྡུང་ལེན་དང་གཟུགས་འདུས་ཤུལ་བཞག་ཞབས་བྲོ་འཁྲབ་སྟོན།   སྲོལ་རྒྱུན་ལུས་རྩལ་འགྲན་སྡུར།  རྨ་རྒྱུད་རྟ་མཆོག་མཛེས་འདེམས་དང་བོད་ལུག་མཛེས་འདེམས།  ཨ་མདོའི་ཕོ་རྒོད་འགྲན་སྡུར་སོགས་མི་རིགས་ཀྱི་སྲོལ་རྒྱུན་འགྲན་སྡུར་རྣམ་གྲངས་སོགས་འདུས་ཡོད།

7.jpg

8.jpg

མཛོད་དགེ་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་ཅུས་ཀྲང་མགོན་པོ་སྐྱབས་ཀྱིས་བཤད་རྒྱུར།  དེ་རིང་ང་ཚོས་མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གཟའ་རུའི་གོར་མོ་ཐང་ནས་ཨ་མདོའི་རྟ་རྒྱུག་འགྲན་སྡུར་གྱི་མགོ་བརྩམས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པ་སྤེལ།  ཐེངས་འདིའི་རྟ་རྒྱུག་དུས་སྟོན་ཐོག་སི་ཁྲོན་དང་ཀན་སུའུ།  མཚོ་སྔོན་སོགས་ཉེ་འཁོར་གྱི་རྫོང་ཁག21གི་རྟ་མཆོག420གདན་དྲངས་ཏེ་འགྲན་སྡུར་དུ་ཞུགས།  ཐེངས་འདིའི་རྟ་རྒྱུག་དུས་སྟོན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་སྒོས།  མུ་འབྲེལ་གྱི་རྨ་ཆུའི་ལུས་རྩལ་འགྲན་སྡུར་སྤེལ་ཏེ།  མཛོད་དགེས་འཛམ་གླིང་གི་མཐོ་སྒང་ན་འདམ་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་བསྐྲུན་པར་ནུས་ཤུགས་འདོན་རྒྱུ་རེད་ཟེར།

9.jpg

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་ཨ་མདོའི་རྟ་རྒྱུག་འགྲན་ཚོགས་ཁྲོད་རྒྱུག་ཡུན་འགྲན་སྡུར་དང་མྱུར་ཚད་འགྲན་སྡུར།   གོམ་པའི་འགྲན་སྡུར་བཅས་ཡོད།  བྱེད་སྒོ་ནི་ཟླ8པའི་ཚེས2ནས6ཉིན་གྱི་བར་དུས་ཡུན་ཉིན་ལྔ་ལ་སྤེལ་རྒྱུ་རེད།  ཁྲོན་ཀན་མཚོ་གསུམ་ནས་ཡོང་བའི་འགྲན་ཞུགས་པ་རྣམས་ཀྱིས་གཟའ་རུའི་གོར་མོ་ཐང་ནས། རྟ་པའི་ཞོན་རྩལ་དང་རྟ་མཆོག་གི་བང་རྩལ་འགྲན་སྡུར་ངོ་མཚར་བར་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།