ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཐོན་ལས་གཙོ་བོའི་འོས་སྦྱོར་ཚོགས་འདུ་ཞ་མོན་དུ་རྒྱལ་ཁའི་ངང་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་ཉེར་ལྔ་པའི་ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་སྟེང་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་གི་བརྗེ་རེས་མཉམ་ལས་བྱེད་ནུས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་ཁྱད་ཆོས་འགྲེམ་སྟོན་བྱེད་པ། ཐོན་ལས་ཀྱི་གནས་བཞི་དང་ལྗང་མདོག་རྩིས་ཤུགས་ཐོན་ལས་བསྐྲུན་པར་སྐུལ་འདེད་གཏོང་བ། ཕྱིའི་ཐོན་ལས་དང་མཁོ་འདོན་ཕྲེང་འབྲེལ་བར་སྦྲེལ་མཐུད་དང་འཕེལ་རྒྱས་ཀྱི་གོ་སྐབས་རྒྱ་བསྐྱེད་བྱ་ཆེད། ཟླ9པའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞ་མོན་གྲོང་ཁྱེར་དུ་རྒྱལ་ཁའི་ངང་མཚོ་སྔོན་གྱི་ཐོན་ལས་གཙོ་བོའི་འོས་སྦྱོར་ཚོགས་འདུ་བསྡུས།

འོས་སྦྱོར་ཚོགས་འདུའི་སྟེང་། ཞིང་ཆེན་ཚོང་དོན་ཐིང་གིས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་སོགས་ཁྱབ་ཁོངས་བདུན་གྱི་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་དང་འོས་སྦྱོར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱིས་མཚོ་སྔོན་དུ་དངུལ་གཏོང་ལས་སྤེལ་བྱེད་པར་ལྷག་བསམ་རྣམ་དག་སྒོས་གདན་ཞུ་བྱས་ཤིང་། ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་དང་། ཁུ་ནུ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སོ་སོར་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ཚྭ་མཚོའི་ཞིབ་ཚགས་བཟོ་ལས། གླིང་ཁུལ་གྱི་འཕེལ་རྒྱས་གནས་བབ། ཐོན་ལས་མཉམ་ལས་ཀྱི་མདུན་ལྗོངས། དགེ་མཚན་ལྡན་པའི་ཐོན་ལས། ཚོང་འགུག་ལས་གཞི་གཙོ་བོ། སྤྱི་ཕན་སྲིད་ཇུས་སོགས་ལ་དམིགས་ཏེ་དྲིལ་སྒྲོག་འོས་སྦྱོར་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་སོ་སོར་འཁྱག་ཆུའི་ཉ་ལས་དང་། འཁྱག་གྲང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཐད་ནས་དྲིལ་སྒྲོག་མཚམས་སྦྱོར་བྱས་ཏེ་ཚོང་འགུག་དང་གྲོས་མོལ་བྱས། ཚོགས་འདུའི་སྟེང་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་དང་ཕྱི་ཕྱོགས་སྤུས་ལེགས་ཐོན་རྫས། སྤུས་ལེགས་ས་གདན། མཚོ་སྔོན་གྱི་ཟས་སྟོན། ཚོང་འགུག་ལག་དེབ་སོགས་ཚོང་འགུག་དྲིལ་སྒྲོག་ལག་དེབ་འགྲེམ་སྤེལ་བྱས་ཏེ། མཚོ་སྔོན་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་དང་ཁྱད་ལྡན་ཐོན་ལས་ཕྱོགས་ཀྱི་བར་སྟོང་ཆེན་པོ་དང་དངུལ་གཏོང་རིན་ཐང་ཕྱིར་མངོན་པར་བྱས་ལ། མཚོ་སྔོན་གྱི་མཚོ་འགག་འགྲམ་གཉིས་ཀྱི་མིང་གྲགས་ཚད་སྔར་ལས་ཇེ་མཐོར་བཏང་ནས།  མཉམ་ལས་སྦས་ཤུགས་མུ་མཐུད་དུ་སྔོག་འདོན་བྱེད་པ་དང་མཉམ་ལས་བར་སྟོངས་རྒྱ་བསྐྱེད་པ། མཚོ་སྔོན་གྱིས་དཔལ་འབྱོར་འཕེལ་རྒྱས་ས་ཁུལ་དུ་ཁྱབ་ཁོངས་སྔར་ལས་ཆེ་ཞིང་རིམ་པ་སྔར་ལས་ཟབ་པའི་དངོས་གཉེར་མཉམ་ལས་སྤེལ་ཆེད་རྨང་གཞི་ལེགས་པོ་བཏིངས།

འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་པའི་རྒྱུ་ཆ་གསར་པ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་རིམ་བསྟར་འགྲེམ་ཁུལ་དང་། གྲོས་མོལ་བརྗེ་རེས་ཁུལ་བཀོད་སྒྲིག་བྱས་ཡོད་ལ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གིས་རང་སོ་སོའི་འགན་ནུས་དགེ་མཚན་དང་རྒྱུ་ལམ་ཐོན་ཁུངས་འདོན་སྤེལ་བྱས་ཏེ། རྩ་འཛུགས་ཡོད་པའི་སྒོ་ནས་ཏུའུ་པང་དང་། དབྱིན་ཇིའི་པའོ་ཁྲིན་སྡེ་ཚོགས། ཨེ་མའོ་ལིས་ཞི་བདེ་རྒྱ་མཚོ། གླིང་ཁུལ་མགྲོན་ཁང་། ཐི་སི་ལ། ཧྥུའུ་ཐི་སོགས་རྒྱལ་ཁོངས་བརྒལ་བའི་ཁེ་ལས་དང་། ཐེ་ཝན་གྱི་ཚོང་བ་དང་ཁེ་ལས་སོགས་གདན་ཞུ་བྱས་ཡོད་ལ། ཝེ་ཞང་ཚན་རྩལ། ཀའོ་ཏ་རྫས་འགྱུར་བཟོ་ལས་སོགས་རྒྱལ་ནང་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་དང་ཞ་ཧྲང་དམངས་དར། ཞ་ཝུའུ་ནུས་ཁུངས་གསར་པ། ལུང་ཅི་སིན་ཐི་སོགས་ཞ་མིན་གྲོང་ཁྱེར་གྱི་ཁེ་ལས་གཙོ་བོ་སོགས་ཁེ་ལས་ཀྱི་འཐུས་མི100ལྷག་ཚོགས་འདུར་ཞུགས། རྒྱལ་ཁོངས་བརྒལ་བའི་ཁེ་ལས་དང་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས། ཆེད་ལས་སྤུས་ལེགས་ཁེ་ལས། ཚོང་མཐུན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོགས་ཀྱི་སྐུ་མགྲོན་དང་ཚོང་མགྲོན120ལྷག་ཚོགས་འདུར་ཞུགས་ཡོད།   །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཚེ་རིང་རྒྱ་མཚོ།