ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རིག་དང་མཐུན་པའི་སྒོ་ནས་ཐུམ་འབུའི་ནད་ཞིབ་བཤེར་དང་འགོག་བཅོས་བྱེད་པའི་ཡུས་ཧྲུའུ་རྟེན་གཞི་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། པེ་ཅིན་ཆིན་ཧྭ་ཁྲང་ཀིན་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཚན་རིག་དང་མཐུན་པའི་སྒོ་ནས་ཐུམ་འབུའི་ནད་ཞིབ་བཤེར་དང་འགོག་བཅོས་བྱེད་པའི་ཡུས་ཧྲུའུ་རྟེན་གཞི་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས། རྟེན་གཞི་འཛུགས་སྐྲུན་བྱས་རྗེས། ཡུས་ཧྲུའུ་དང་དེ་མིན་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་སྨན་བཅོས་ཆུ་ཚད་མངོན་གསལ་མཐོར་འདེགས་འགྲོ་ངེས།

རྒྱུས་ལོན་བྱུང་བ་ལྟར་ན། རྟེན་གཞིས་ཞིབ་བཤེར་དང་ནད་ངོས་འཛིན་བྱེད་པ། སྨན་བཅོས། ཁམས་གསོ་བཅས་གཅིག་བསྡུས་བྱས་ཡོད་པ་དང་། དེས་ཐུམ་འབུའི་ནད་འགོག་བཅོས་བྱེད་པ་དེ་ཐོལ་བརྒལ་རྐྱང་བ་ནས་མ་ལག་བཅོས་སྐྱོང་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་། གཞན་ལ་བརྟེན་པ་ནས་རང་གིས་གསོ་བཅོས་བྱེད་པའི་ཕྱོགས་སུ་ཚུལ་སྒྱུར་བྱས་པ་མཚོན་ལ། ཡུས་ཧྲུའུ་དང་ཐ་ན་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཐུམ་འབུའི་ནད་འགོག་བཅོས་ནུས་པ་དང་སྨན་བཅོས་ཞབས་ཞུའི་ཕྱོགས་བསྡུས་ཆུ་ཚད་མཐོར་འདེགས་གཏོང་ཐུབ།

རྟེན་གཞིས་སྨན་བཅོས་དང་ཚན་རྩལ། སྤྱི་ཕན་བཅས་མཉམ་བསྲེས་རྣམ་པར་བརྟེན་ནས། ནད་སྨན་བཅོས་བྱེད་པ་ནས་ནད་སྔོན་འགོག་བྱེད་པའི་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།   པེ་ཅིང་ཆིན་ཧྭ་ཁྲང་ཀིན་སྨན་ཁང་གི་འགོ་གཙོ་ཏུང་ཅཱ་ཧུང་གིས་སྨན་བཅོས་རོགས་སྐྱོར་རུ་ཁག་གིས་ལོ་མང་པོའི་རིང་ལག་རྩལ་དང་སྒྲིག་ཆས། འཇོན་མི་བཅས་ལ་བརྟེན་ནས་ཡུས་ཧྲུའུ་ཡི་སྨན་བཅོས་རུ་ཁག་གསོ་སྐྱོང་བྱེད་པར་རོགས་འདེགས་བྱས་ཞེས་བསྟན།

མཛད་སྒོའི་སྟེང་། ཐུམ་འབུའི་ནད་བརྟག་བཅོས་ལྟེ་གནས་དང་ཅང་པའོ་སྨན་པ་གྲགས་ཅན་གྱི་ལས་སྒྲུབ་ཁང་སོགས་ཀྱི་སྒོ་བྱང་བཀལ་བ་དང་།  ཀྲུང་གོ་མཚོ་འགག་འགྲམ་གཉིས་ཀྱི་གསོ་རིག་བརྗེ་རེས་མཐུན་ཚོགས་ཀྱིས་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ལ་སྨན་སྤྱོད་དངོས་རྫས་སྐོར་ཞིག་བྱིན་ནས་ཁུལ་ཁོངས་བརྟག་བཅོས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བར་རོགས་འདེགས་བྱས། མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་ཐུམ་འབུའི་ནད་ཞིབ་བཤེར་ཐབས་ཇུས་དང་གཤགས་བཅོས་རོགས་སྐྱོར། རྒྱང་བསྟེན་ཚོགས་དཔྱད་སོགས་མཉམ་ལས་ཐད་གྲོས་བསྡུར་ཟབ་མོ་བྱས། །

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཚེ་རིང་རྒྱ་མཚོ།