ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར། རྒྱལ་ཁབ་ཀྱི་བོད་ལུགས་ས་གདན་དང་མ་བཅོས་རྒྱུ་ཆའི་སྤུས་ཚད་ཞིབ་བཤེར་ལྟེ་གནས(མཚོ་སྔོན)ལ་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཆེད་མཁས་ཚན་ཆུང་གིས་ཡུལ་དངོས་དཔྱད་ཞིབ་རྩིས་ལེན་བདེ་བླག་ངང་ཐོབ་པ་དང་། དངོས་སུ་རྒྱལ་ཁབ་རིམ་པའི་སྤུས་ཚད་ཞིབ་བཤེར་ལྟེ་གནས་ཁྲོད་ཚུད།
རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་བོད་ལུགས་ས་གདན་དང་མ་བཅོས་རྒྱུ་ཆའི་སྤུས་ཚད་ཞིབ་བཤེར་ལྟེ་གནས(མཚོ་སྔོན)དེ2016ལོར་དངོས་སུ་བཙུགས་པ་ནས་བཟུང་། རྨང་གཞིའི་ཆ་རྐྱེན་ཞན་པ་དང་ལག་རྩལ་མི་སྣ་མི་འདང་བ། མ་དངུལ་བསྡུ་རུབ་ལ་དཀའ་ཁག་ཆེ་བ། ཚན་ཞིབ་ནུས་པ་མགོ་རྩོམ་པ་དལ་བ་སོགས་ཀྱི་དཀའ་ཁག་གདོང་གིས་བསུས་ཤིང་། སྔ་རྗེས་སུ་ཆེད་ལས་ཞིབ་བཤེར་དང་ལག་རྩལ་གསར་སྤེལ་མི་སྣ་སྐོར་ཞིག་ནང་འདྲེན་དང་གསོ་སྐྱོང་བྱས་ཏེ། ཞིབ་བཤེར་ནུས་པ་འཛུགས་སྐྲུན་དང་། ཚན་ཞིབ་གསར་སྐྲུན་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། ཞིང་ཆེན་རིམ་པའི་ལས་ཁུངས་ནས་རྒྱལ་ཁབ་རིམ་པའི་སྟེགས་བུར་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱུང་། ཆེད་མཁས་ཚན་ཆུང་གིས་བལྟས་ན། ལྟེ་གནས་ཀྱི་ཁྱོན་ཡོངས་ནུས་པ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པར་མ་ཟད། ཐོན་ལས་ཞབས་ཞུ་དང་མི་རིགས་ས་ཁུལ་གྱི་ཁྱད་ལྡན་འདེགས་སྐྱོར་ཐད་ཚབ་བྱེད་མི་ཐུབ་པའི་རིན་ཐང་མངོན་ཡོད་པར་འདོད།
ལྟེ་གནས་འདིར་བདེ་བླག་ངང་རྩིན་ལེན་ཐོབ་པ་ནི། རང་རྒྱལ་གྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་དེ་ནུབ་རྒྱུད་མཐོ་སྒང་ས་ཁུལ་གྱི་བཀོད་པ་གལ་ཆེན་ཡིན་པར་མ་ཟད། བོད་ལུགས་ས་གདན་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོ་དང་། ཚིགས་གཅིག་རྣམ་པ། རྒྱལ་སྤྱི་ཅན་གྱི་ཞིབ་བཤེར་ཞབས་ཞུ་དང་ལག་རྩལ་འགན་སྲུང་ཡང་འདོན་སྤྲོད་བྱ་ཐུབ་ལ། དེས་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཀྱིས་མཐོ་ནུས་རིམ་པའི་ལས་སྟེགས་ཀྱི་འདེགས་སྐྱོར་བསུ་ཐུབ་པ་མཚོན་ཞིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཁྱད་ལྡན་ཡང་བའི་བཟོ་ལས་ཐོན་ལས་འཕེལ་རྒྱས་དང་རྒྱུད་གཅིག་ལམ་གཅིག་གྲོས་འགོ་ཁྲོད་ཀྱི་གལ་ཆེ་བའི་གོ་གནས་སྔར་ལས་ལྷག་པའི་སྒོ་ནས་མངོན་པ་མཚོན་ཡོད། །