ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་སྲོལ་རྒྱུན་གྱི་རྫ་ནག་བཟོ་ཁང་ཞིག་ལ་གནམ་ས་བླ་འོག་བརྗེ་པའི་འཕོ་འགྱུར་བྱུང་བཞིན་ཡོད། ཁྱིམ་ཚང་གི་བཟོ་ཁང་ཆུང་ཆུང་ཞིག་ནས་ཀུང་སི། མི་གཉིས་གསུམ་ཙམ་གྱི་ལག་བཟོ་ནས་མི་ཉི་ཤུ་ལྷག་ལ་སླེབས་པའི་ཆེད་ལས་ཚོགས་པ། ཕྱི་རོལ་ནས་རྫ་ནག་སྲེག་པ་ནས་གྲངས་འཛིན་ཅན་གྱི་གློག་དོང་བཅས་ཀྱི་འགྱུར་བ་ཆེན་པོ་བྱུང་བས། པད་མ་རྫོང་རྫ་ནག་བཟོ་རྩལ་རྒྱུད་འཛིན་པ་ཤེས་དགེ་ཐར་གྱིས། འདི་ཡོད་ཚད་ནི་ཀུན་ཕན་དངུལ་རྩའི་དངུལ་བུན་བཏང་བ་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད།
2014ལོར། ཤེས་དགེ་ཐར་གྱིས་ཀུང་སི་ཐོག་མར་འཛུགས་སྐབས། མི་གཉིས་གསུམ་ཙམ་གྱིས་རྫ་ནག་བཟོ་བ་དང་ཚོང་གཉེར་བྱེད་བཞིན་ཡོད། ཐོན་སྐྱེད་གཞི་ཁྱོན་རྒྱ་ཇེ་ཆེར་ཕྱིན་པ་དང་མ་དངུལ་དགོས་མཁོ་ཉིན་བཞིན་འཕར་བ་དང་བསྟུན། སྲོལ་རྒྱུན་དངུལ་བུན་ལེན་པའི་ཚད་གཞིར་ཐོན་མེད་པས་མ་དངུལ་འཁོར་རྒྱུག་ཐད་གནད་དོན་གང་མང་ཞིག་དང་འཕྲད། ཡིན་ཡང2021ལོར་གོ་སྐབས་ཡག་པོ་ཞིག་དང་འཕྲད་པ་ནི། ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་མགོ་ལོག་པད་མ་རྫོང་ཡན་ལག་དངུལ་ཁང་གིས་བཏོན་པའི“ཞིང་ཕན་དངུལ་བུནe”ཞེས་པས་སྒོར་ཁྲི25ཁོ་ལ་བཏང་བ་རེད།
ཤེས་དགེ་ཐར་གྱི་རྫ་ནག་བཟོ་ཁང་།
“དཀའ་ངལ་ཆེ་དུས། ང་ཚོས་མྱུར་དུ་གློག་དོང་སྒྲིག་ཆས་ཉོས་ནས་བཟོ་རྩལ་མཐོར་འདེགས་བྱེད་དགོས་ཀྱང་མ་དངུལ་མ་འདང་བ་རེད། ཡིན་ཡང་ཀུན་ཕན་དངུལ་རྩའི་དངུལ་བུན་ཞུ་ནས་ཉིན་གཉིས་གསུམ་ཙམ་འགོར་རྗེས་ཆོག་མཆན་ཐོབ་པས། དངོས་གནས་དགའ་བར་གྱུར། སྐྱེད་ཀའི་ཚད་ཕན་ཆ་ཆེ་བ་དང་དངུལ་བུན་གཏོང་མགྱོགས་པ་དེས་གནད་ཁེལ་གྱིས་ང་ཚོའི་མ་དངུལ་འཁོར་རྒྱུག་བྱེད་པའི་དགོས་མཁོ་བསྐངས”ཞེས་ཤེས་དགེ་ཐར་གྱིས་བཤད།
མ་དངུལ་གྱི་རྒྱབ་སྐྱོར་ཐོབ་རྗེས། རྫ་ནག་བཟོ་རྩལ་ཡང་ལག་བཟོ་རྐྱང་རྐྱང་ནས་ཕྱེད་ཙམ་རང་འགུལ་ཅན་དུ་གྱུར། ཉེ་བའི་ལོ་ཤས་རིང་ལ་ཀུང་སི་ཡིས་རིམ་བཞིན་རྫ་འཇིམ་ལས་བྱེད་ཀྱི་འཕྲུལ་ཆས་དང་གློག་དོང་སོགས་ཀྱི་འཕྲུལ་ཆས་ཉོས་པས། རྫ་ནག་སྲེག་པའི་དྲོད་ཚད་སྔོན་གྱི་ཏུའུ700ནས900ལ་འཕར། ཐོན་རྫས་གྲུབ་རྫས་ཀྱི་ཚད་གཞི་དང་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན། ན་ནིང་ཐེངས་གཅིག་ལ་གློག་དོང་གསུམ་ཉོས་བས་བསྡོམས་པས་སྒོར་ཁྲི18.8བཏང་ཞིང་། མ་འོངས་པར་མ་དངུལ་སྒོར་ཁྲི23ཡི་སྔོན་ཐོན་འཕྲུལ་ཆས་ནང་འདྲེན་བྱ་རྒྱུ་ཡིན་ཞེས་ཤེས་དགེ་ཐར་གྱིས་ངོ་སྤྲོད་བྱས།
སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་རྫ་ནག་བཟོ་བཞིན་པ།
ད་ལྟ། ཤེས་དགེ་ཐར་གྱི་ཚོགས་པས་ཐོན་སྐྱེད་བྱས་པའི་རྫ་ནག་ཐོན་རྫས་ཧྲེན་ཀྲིན་དང་ཀོང་ཀྲོའུ་སོགས་སུ་འཚོང་བ་དང་། ཚོང་ཟོག་མངག་ཐོ2026ལོའི་ཟླ1པོའི་བར་དུ་བཀོད་སྒྲིག་བྱས་ཡོད། དངུལ་རྩའི་དངུལ་བུན་ལེན་པའི་གོ་སྐབས་འོག་པད་མ་རྫ་ནག་ཐོན་ལས་དར་ཞིང་རྒྱས་བཞིན་ཡོད། དེས་ས་གནས་འབྲོག་པ་མང་ཚོགས་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས་པ་མ་ཟད། མངག་ཐོ་ཐོན་སྐྱེད་ལ་བརྟེན་ནས་འབྲོག་པ་མང་ཚོགས་ཀྱིས་རང་ཡུལ་དུ་ལས་གཏོད་འབབ་འཕར་མངོན་འགྱུར་བྱུང་ནས། གྲོང་གསེབ་དར་སྤེལ་གྱི་བྱང་བུ་གལ་ཆེན་ཞིག་ཏུ་གྱུར།
ཤེས་དགེ་ཐར་གྱི་རྫ་ནག་བཟོ་ཁང་།
དུས་མཚུངས་སུ། ཞིང་ལས་དངུལ་ཁང་པད་མ་ཡན་ནག་དངུལ་ཁང་གིས་ས་གནས་འབྲོག་པ་མང་ཚོགས་ཀྱི་དངུལ་བུན་ལེན་པའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ས་གནས་མང་ཚོགས་ཀྱིས་ཕྱུགས་ཟོག་གསོ་སྤེལ་རྒྱ་ཁྱོན་ཆེ་རུ་གཏོང་བར་རམ་འདེགས་བྱས་པས། ནུས་ལྡན་གྱིས་འབྲོག་པ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་།
ཀུན་བཟང་མགོན་པོ་ནི་པད་མ་རྫོང་དྷི་མདའ་ཡུལ་ཚོ་ཡོ་རྟགས་གྲོང་ཚོའི་སྤྱིར་བཏང་གི་འབྲོག་པ་ཞིག་ཡིན་ལ། ཁྱིམ་ཚང་གང་བོས་ནོར་བཅུ་ཁ་ལྷག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཁོས་ཞིང་ལས་དངུལ་ཁང་པད་མ་ཡན་ལག་དངུལ་ཁང་གིས་བཏོན་པའི“ཞིང་ཕནeདངུལ་བུན”ལ་བརྟེན་ནས་སྒོར་ཁྲི35ཐོབ་པས་རྒྱུད་བཟང་ནོར་གཡག་ཉོས་ནས་གསོ་སྤེལ་རྒྱ་ཁྱོན་ཆེ་རུ་བཏང་ཞིང་། ཁྱད་ལྡན་ཕྱུགས་ལས་གསོ་སྤེལ་བརྒྱུད་དེ་འབབ་འཕར་ཕྱུག་འགྱུར་བྱུང་།
ཞིང་ལས་དངུལ་ཁང་པད་མ་ཡན་ལག་དངུལ་ཁང་གི་ཅིང་ལི་ཡིས་འཚམས་འདྲིའི་ཡི་གེ་ལ་ལྟ་བཞིན་པ།
“སྔོན་ཆད་རང་ཁྱིམ་དེ་འདྲ་ཕྱུག་པོ་མིན་པས་གང་སར་དངུལ་སྐྱིས་རྒྱུ་ཤིན་ཏུ་དཀའ། རྗེས་སུ་ཡུལ་མི་ཚོས་ཞིང་ལས་དངུལ་ཁང་ནས་དངུལ་བུན་བླངས་ན་སྐྱེད་ཀ་དམའ་བ་མ་ཟད། ཞབས་ཞུའི་རྣམ་འགྱུར་ཡང་ཡག་ཅེས་བཤད་པ་ཐོས་པས། གྲོང་མི་ཚོས་ཀྱང་ཞིང་ལས་དངུལ་ཁང་ནས་དངུལ་བུན་ལེན་བཞིན་ཡོད”ཅེས་སྔོན་ཆད་ཀྱི་འཚོ་བའི་གནས་ཚུལ་གླེང་དུས་ཀུན་བཟང་མགོན་པོས་དེ་ལྟར་བཤད།
ཞིང་ལས་དངུལ་ཁང“ཞིང་ཕན་དངུལ་བུནe”ཐོན་རྫས་རྒྱབ་སྐྱོར་འོག་ཏུ་ཀུན་བཟང་མགོན་པོས་རྒྱུད་བཟང་ནོར་གཡག་ནང་འདྲེན་བྱས་པས། རིམ་བཞིན་གསོ་སྤེལ་རྒྱ་ཁྱོན་ཆེ་རུ་བཏང་། ད་ལྟ་ཁོ་ནི་ནོར་གཡག་གསོ་སྤེལ་དཔེ་སྟོན་ཁྱིམ་ཚང་དུ་གྱུར། “མ་དངུལ་རྒྱབ་སྐྱོར་ཡོད་པས་གསོ་སྤེལ་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་། བཤས་ཁོངས་གཏོང་ཚད་ལོ་རེར་མཐོ་རུ་ཕྱིན་པས་ཡོང་འབབ་ཡང་རིམ་བཞིན་འཕར”ཞེས་ཀུན་བཟང་མགོན་པོའི་གདོང་ལ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད།
འཚོ་བ་དང་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། རང་ཁྱིམ་གྱིས་བསྐྲུན་པའི་སྲོལ་རྒྱུན་བོད་ལུགས་ཐོག་ཁང་མདུན་དུ་ལངས་དུས་ཀུན་བཟང་མགོན་པོའི་ཡིད་སེམས་ཤིན་ཏུ་དགའ། ན་ནིང་ཁོས་གསོ་སྤེལ་ཡོང་འབབ་ཀྱིས་ཁང་བ་གསར་བ་བསྐྲུན་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་ཐོག་ཁང་དང་དེང་རབས་འཚོ་བ་མཉམ་དུ་ཟུང་འབྲེལ་བྱས་ནས། རིག་གནས་ཁྱད་ཆོས་རྒྱུད་འཛིན་བྱས་པ་མ་ཟད་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན། པད་མ་རྫོང་དུ་ཀུན་བཟང་མགོན་པོ་ལྟ་བུའི་དངུལ་བུན་ལེན་པར་བརྟེན་ནས་ཕྱུག་འགྱུར་བྱུང་བའི་འབྲོག་མི་ཤུན་ཏུ་མང་། དངུལ་རྩའི་དངུལ་བུན་གཏོང་བ་དེས་གནའ་བོའི་ས་གཞི་འདིར་ཁེ་ཕན་བསྐྲུན་ཞིང་། སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་གསར་བ་རྒྱས་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཡང་རིམ་པ་གསར་བ་ཞིག་ཏུ་སླེབས།
རྫ་ནག་བཟོ་བ་དང་ནོར་གཡག་གསོ་སྤེལ། ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ནས་རིག་གནས་ཡུལ་སྐོར། ཀུན་ཕན་དངུལ་རྩའི་དངུལ་བུན་གཏོང་པ་དེས་པད་མ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད། སྲོལ་རྒྱུན་ལག་རྩལ་ལ་སྐྱེ་སྟོབས་གསར་བ་རྒྱས་པ་མ་ཟད་གྲོང་གསེབ་དར་སྤེལ་ལ་འགུལ་ཤུགས་གསར་བ་བསྣན་པ་རེད། ས་བབ་སྨི3500ཡན་གྱི་མཐོ་སྒང་དུ་དངུལ་རྩའི་རྒྱབ་སྐྱོར་དང་ཐོན་ལས་གསར་གཏོད་ཀྱི་གཏམ་རྒྱུད་ཀྱིས་ལེའུ་གསར་བ་རྩོམ་བཞིན་ཡོད། །