རང་རྒྱལ་གྱིས་ཆེས་ཐོག་མར་བཙུགས་པའི་གཞི་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི"སྔོན་སྐྱོད་པ"དང"ཚོད་ལྟ་བྱེད་ས"ཡི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད། ལོ་འདི་དག་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། སྐྱེ་ཁམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ།"ཀྲུང་ཧྭའི་ཆུ་ལྕོག"ལ་སྲུང་སྐྱོབ་བཅས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད།
བརླན་སའི་ཁྲོད་ཀྱི་ཁྲུང་ཁྲུང་།
བརླན་སའི་ཁྲོད་རྒྱུ་བའི་ཁྲུང་ཁྲུང་སྐེ་ནག
རི་སྒལ་གྱི་གནའ་ཁྱུ།
ང་ནི་འབྲི་ཆུའི་སྟོད་དུ་གནས། །ཁྱོད་ནི་འབྲི་ཆུའི་སྨད་དུ་གནས། ། ལྷན་འཛོམས་སྐལ་བ་དབེན་ཡང་། །གཙང་ཆུ་མཉམ་འཐུང་བྱས་ཆོག །
གནའ་བོའི་སྙན་ཚིག་ཅིག་གིས་མཚོ་སྔོན་དང་ཧྲང་ཧེ་མཉམ་དུ་སྦྲེལ་འདུག་ལ། འབྲི་ཆུའི་མགོ་ཁུངས་དང་འབྲི་ཆུ་རྒྱ་མཚོར་བཞུར་བའི་ལམ་མདོའི་སློབ་གྲྭ་གཉིས་ཀྱིས་གཙང་ཆབ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བར་བྱེད་པའི་མངགས་བཅོལ་ལག་ལེན་བྱེད་བཞིན་མཆིས།
འབྲི་ཆུ་རྒྱ་མཚོར་བཞུར་བའི་རབ་ཁ་ན་ཆགས་པའི་ཧྲང་ཧེ་གྲོང་ཁྱེར་ཁྲུང་མེན་ཆུས་འབྲི་ཆུ་སློབ་གྲྭ་ཡིས"དྭངས་ཤ་གསལ་གསལ། རྣམ་རིག་གྲུང་གྲུང་། སྣང་བ་དྭངས་དྭངས་ཀྱི་འབྲི་ཆུའི་ན་གཞོན་སྐྱེད་སྲིང་བྱེད་པའི"འདུ་ཤེས་ལ་བརྟེན་ནས། སློབ་ཁང་ནང་དུ་ཆུའི་ཚོད་ལྟ་བྱེད་པ་ནས་སློབ་ཁང་ཕྱིའི་ཆུའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལག་ལེན་བར་དུ། བྱིས་པ་རྣམས་ལ་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པའི་ངེས་ཤེས་འདྲོངས་སུ་བཅུག
འབྲི་ཆུའི་སྣེ་གཞན་ཞིག་ནི། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་སློབ་ཆུང་ཆགས་ཡོད་ས་དེ་རེད། དེ་རུ་བྱིས་པ་རྣམས་ཀྱིས་གཙང་ཆུའི་འགྲམ་གྱི་རྩྭ་ཐང་དུ་གད་སྙིགས་འཐུ་བ་དང་། རྩི་ཤིང་དང་མེ་ཏོག རི་སྐྱེས་སྲོག་ཆགས་སོགས་ངོས་འཛིན་བྱེད་བཞིན་ཡོད།"འབྲི་ཆུའི་མགོ་ཁུངས་ཀྱི་སློབ་གྲྭ་དང་པོ"ཡིན་པའི་ཆ་ནས། གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ་རེ་རེར་སྐྱེ་ཁམས་སློབ་ཁྲིད་བཀོད་སྒྲིག་བྱས་ཤིང་། རྩྭ་ཐང་དང་ནམ་མཁའི་བར་མཚམས་སུ། བྱིས་པ་རེ་རེའི་སེམས་སུ་སྐལ་བཟང་མེ་ཏོག་བཞད་པ་ཇི་བཞིན། སྐྱེ་ཁམས་ཀྱི་སློབ་ཁྲིད་དེ་རུས་པའི་རྐང་ལ་སིམ་པར་བྱས།
ས་ཁུལ་གཉིས་ཀྱི་ཡུལ་སྲོལ་མི་གཅིག་པ་དང་སློབ་ཁྲིད་བྱེད་ཐབས་མི་གཅིག་ནའང་། སློབ་གྲྭ་གཉིས་ཀྱིས་ཐུན་མོང་གི་འདུ་ཤེས་ཤིག་བཅངས་ཡོད་པ་ནི། རྐང་འོག་གི་ས་གཞི་སྲུང་ཞིང་། འབྲི་ཆུའི་ཆུ་རྒྱུན་ཡོངས་ལ་གཅེས་སྐྱོང་བྱེད་ཅེས་པ་དེ་རེད། ལེ་བར་སྟོང་ཕྲག་གིས་ཆོད་པའི་འབོད་སྐད་དེ་ནི་སློབ་གསོའི་མཉམ་འུར་ཡིན་པ་མ་ཟད། གཙང་ཆབ་ཅིག་གི་མངགས་བཅོལ་ཟབ་མོ་དེའང་ཅི་ལ་མིན།
མི་མང་པོ་ཞིག་ལ་མཚོན་ནས་བཤད་ན། གཙང་གསུམ་འབྱུང་ཡུལ་ཞེས་པ་ནི་ཆ་ཡོད་ཡིན་ལ་ཆ་མེད་ཀྱི་མིང་ཞིག་ཀྱང་རེད། ཆ་ཡོད་པ་ནི"ཀྲུང་ཧྭའི་ཆུ་ལྕོག"ལ་བཅངས་པའི་གུས་བཀུར་མཚོན་པ་སྟེ། ཚེ་སྲོག་གི་འབྱུང་ཁུངས་ལ་བཅངས་པའི་བརྩེ་བ་རྣལ་མ་ཞིག་ཡིན་ལ། ཆ་མེད་པ་ནི་གནས་འདིར་འགྲེལ་རྒྱག་ཐབས་མེད་པའི་རང་བྱུང་གི་གསང་བ་དང་མི་གཞུང་གི་གཏམ་རྒྱུད་གང་མང་ཞིག་མཆིས་པས་རེད།
གནས་འདི་རུ།"སྲུང་སྐྱོབ"ནི་ཁ་གཡང་ཙམ་མ་ཡིན་པར། དེ་ནི་ཉི་མ་རེ་རེར་འབྱུང་བཞིན་པའི་ཚེ་སྲོག་གི་ལག་ལེན་ཞིག་ཏུ་གྱུར་ཡོད།
རྨ་ཆུའི་ཆུ་མགོ་ཡག་གི་རྩང་ལེ་ཆུ་དང་སྤྱི་ལེ10ཡི་མཚམས་སུ། སྔོན་ཆད་འབྲོག་པ་གུ་ཆོས་ཚང་བསྡད་ཡོད། ཁོ་ཚང་ནི་རྨ་ཆུ་དང་ཐག་ཆེས་ཉེ་བའི་ཁྱིམ་ཚང་ཞིག་རེད། རྩྭ་ཆུ་ཕུན་སུམ་ཚོགས་པས་ནོར་གནག་མང་པོའི་འཕེལ་ཁ་དར་ཞིང་། དྭངས་གཙང་གི་གཙང་ཆབ་སྔོན་མོས་མི་རབས་ནས་མི་རབས་བར་འཚོ་བ་རོལ་བཞིན་པའི་ཁྱིམ་ཚང་འདི་དྲིན་གྱིས་བསྐྱངས་ཡོད།
"ཆུ་མགོ་ནི་ཚེ་སྲོག་ཡིན་པས་ཆུ་མགོར་སྲུང་སྐྱོབ་ཡག་པོ་ཞིག་བྱ་རྒྱུ་ནི། ང་ཚོ་རང་ཉིད་ཀྱི་འཚོ་བར་སྲུང་སྐྱོབ་བྱས་པ་ཞིག་རེད"། ཆུང་དུས་ནས་བཟུང་། གུ་ཆོས་ཀྱིས་རྒན་རབས་པ་ཚོའི་མངགས་བཅོལ་འདི་ཡིད་ལ་བཟུང་ཡོད་ཅིང་། ཁོས་ཡང་འདི་ལྟར་རང་གི་རྗེས་རབས་པར་སློབ་གསོ་གཏོང་བཞིན་ཡོད།
2019ལོར། རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་ཆུ་མགོའི་སྐྱེ་ཁམས་སླར་གསོ་བྱ་ཆེད། གུ་ཆོས་ཚང་འདུ་བའི་འབྲོག་ཁྱིམ66གིས་སྲིད་ཇུས་དང་ལེན་བྱས་ཏེ། མེས་པོའི་རིང་ནས་འཚོ་བ་རོལ་སའི་འབྲོག་ས་ནས་གནས་སྤར། རྩྭ་ས་མུའུ་ཁྲི32ལ་ལོ་ལྔའི་བཀག་སྡོམ་ལག་བསྟར་བྱས་པས། འདི་ཡང་ས་གནས་འདིའི་ལོ་རྒྱུས་ཐོག་བཀག་སྡོམ་བྱེད་ཐེངས་དང་པོ་རེད།
"གནས་སྤོར་བ་ནི་རྩྭ་ཐང་སྔར་ལས་ཇེ་བཟང་དུ་གཏོང་བ་དང་། ཆུ་མོ་སྔར་ལས་རྒྱས་ཤིང་ཁྱིམ་གཞི་སྔར་ལས་མཛེས་སྡུག་ལྡན་ཆེད་རེད"ཅེས་གུ་ཆོས་ཀྱིས་ལེ་བདའ་ཅི་ཡང་མེད་པའི་སྒོ་ནས་དེ་ལྟར་བཤད་བྱུང་། ཁོ་ཚང་ཡུལ་ཚོའི་སྤྱི་བའི་འབྲོག་སར་གནས་སྤར་ཡང་། ཟླ་རེར་ཕྱིར་སྐོར་སྲུང་དུ་འགྲོ་བཞིན་ཡོད། ལམ་དེ་བརྒྱུད་ཐེངས་རེར། ཁོས་དུས་རྒྱུན་སྒོ་མདུན་གྱི་ཆུ་མགོར་བལྟས་ཏེ་ཅུང་ཙམ་འདུག་བཞིན་ཡོད་ལ། རི་བོའི་མཛེས་སྡུག་དང་ཆུ་བོའི་བཞུར་རྒྱུན་གྱི་ཁྲོད་ནས་སེམས་སུ་སྦས་པའི་བརྩེ་བ་ཟབ་མོར་ཕྱིར་དྲན་བྱེད་བཞིན་ཡོད།
2024ལོའི་ཟླ10པར། ལོ5ཡི་ཕྱུགས་བཀག་གི་དུས་ཡུན་ལོངས་པ་རེད། འབྲོག་དམངས་རྣམས་དགའ་སྤྲོའི་ངང་ནས་ནོར་ལུག་དེད་དེ་ཕྱིར་ཕ་ཡུལ་དུ་ལོག ཁོ་ཚོའི་མདུན་དུ་ཡོད་པ་ནི་སྔར་ལས་ལྗང་མདོག་གི་རྩྭ་ཐང་དང་སྔར་ལས་དྭངས་གཙང་གི་ཆུ་མོ། གསོན་ཉམས་ཀྱིས་ཕྱུག་པའི་ཁྱིམ་གཞིས་ཤིག་རེད། དགའ་སྤྲོ་འདི་ནི་ཕྱིར་ཡུལ་དུ་ལོག་པའི་བདེ་སྣང་ཞིག་ཡིན་པར་མ་ཟད། མིག་མཐོང་ལག་ཟིན་དུ་གྱུར་པའི་སྐྱེ་ཁམས་སླར་གསོའི་ཉམས་དགའ་བའི་རྣམ་པ་ཞིག་ཀྱང་རེད།
འདི་ལྟ་བུའི་སྲུང་སྐྱོབ་ཀྱི་རྣམ་པ་དེ་རྨ་ཆུའི་མགོ་ཁུངས་ན་ཡོད་པ་ཙམ་མ་ཡིན།
གཙང་གསུམ་འབྱུང་ཡུལ་ཡོངས་སུ།"སྐྱེ་ཁམས་བདག་སྲུང་པ"དེ་འབྲོག་པ་མང་པོའི་ཐོབ་ཐང་གསར་པ་ཞིག་ཏུ་གྱུར་ཡོད། ཁོ་ཚོས་འུར་ཆ་བཞག་ནས་སྐོར་སྲུང་ཟིན་ཐོ་འགོད་ཆས་ལག་ཏུ་བཟུང་སྟེ། རྒྱལ་ཁབ་སྤྱི་གླིང་གི"སྤྱན་མིག"དང"སྲུང་སྐྱོབ་མཁན"དུ་གྱུར་ཡོད།
2024ལོའི་ཟླ7པར། རྫ་ཆུའི་མགོ་ཁུངས་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་རྨ་དགེ་ཚང་གི་ཁྱིམ་དུ་ངུ་སྐད་ཅིག་ཐོས་ཡོང་སྟེ། ཞག་གཅིག་རིང་། དྲེད་མོང་ཕྱུགས་རའི་ནང་ཐོན་ཏེ་བེའུ16བསད་པ་རེད། རྨ་དགེའི་ཆུང་མས་བེའུ་དག་ལ་བལྟས་ནས་ངུ་འབོད་བྱེད་བཞིན་འདུག
"འདི་ངེད་ཚང་གི་ལོ་གཅིག་གི་དཀའ་སྤྱད་ཀྱི་འབྲས་བུ་ཡིན་པས། ད་ནི་ང་ཚོས་འཚོ་བ་ཇི་ལྟར་རོལ་དགོས"ཟེར།
"ད་སེམས་སྡུག་མ་བྱེད། ཐར་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་མི་སྲིད་ཅེས་རྨ་དགེས་བཤད།"
"དེས་ན་ང་ཚོས་དྲེད་མོང་བསད་ན་ཆོག་གམ་ཞེས་ཆུང་མས་བཤད་པ་ན།"
"རི་སྐྱེས་སྲོག་ཆགས་ཀྱིས་ནོར་ལུག་ལ་འཇབ་རྒོལ་བྱས་པ་དེའང་ཁོ་ཚོའི་ཕྲུ་གུ་གསོ་ཆེད་རེད། ང་ཚོས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དེ་ཡང་བུ་ཕྲུག་དང་ཁྱིམ་ཚང་གི་ཁ་གསོ་ཆེད་མ་ཡིན་ནམ། ང་ཚོའི་བར་དུ་དགྲ་ཡ་ལྟ་བུའི་འབྲེལ་བ་ཡོད་མི་རུང"ཞེས་རྨ་དགེས་བཤད།
རྨ་དགེ་ནི་སྐྱེ་ཁམས་བདག་སྲུང་པ་ཞིག་ཡིན་པས། ཁོར་གཞན་ལས་ལྷག་པའི་གོ་རྟོགས་ཟབ་མོ་ཡོད། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་གནས་འདིའི་སྤྱི་ཡོངས་ལ་སྲུང་སྐྱོབ་བྱས་པ་ཞིག་ཡིན་ཟེར། མཇུག་མཐར་ཁོ་ཚོས་དྲེད་མོང་རྩྭ་ས་དང་ཐག་རིང་བའི་སར་བསྐྲད།
བཟོད་སྒོམ་དང་རྒྱུས་ལོན་བྱེད་སྟངས་འདི་ནི་ཁོ་ཚོས་རང་བྱུང་གི་ཆོས་ཉིད་ལ་ངོས་ཤེས་ཟབ་མོ་སྐྱེད་སྟངས་ཤིག་དང་། སྲུང་སྐྱོབ་ཀྱི་ཡུལ་རྣམ་མཐོན་པོ་མཚོན་བྱེད་ཅིག་སྟེ། འགོག་རྒོལ་མ་ཡིན་པར་མཉམ་གནས་བྱ་རྒྱུ་དེ་རེད།
ད་ལྟ། གཙང་གསུམ་འབྱུང་ཡུལ་སྤྱི་གླིང་ཁུལ་དུ། འབྲོག་པ་ཁྲི་ཕྲག་ཁ་ཤས་སྐྱེ་ཁམས་དོ་སྲུང་པར་གྱུར་ཡོད་དེ། ཁོ་ཚོས་ཟླ་རེར་སྐོར་སྲུང་བྱ་བ་སྤེལ་ནས། དངོས་རིགས་ཟིན་ཐོར་འགོད་པ་དང་། གད་སྙིགས་འཐུ་བ། ལྐོགས་རྔོན་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེས་སྔོན་གྲལ་དང་། ཆེས་བརྟན་འཁྱོངས་ཀྱི་སྟོབས་ཤུགས་སུ་གྱུར་ཡོད།
འབྲོག་པ་མང་ཚོགས་ཀྱིས་ས་གཞི་འདི་བརྟན་སྲུང་བྱས་ཡོད་ལ། ཚན་རྩལ་གྱི་ནུས་པས་དེ་ལ་གཤོག་ཟུང་སྤྲད་ཡོད།
ཝང་ཡུའེ་ཡིས་ལས་གཉེར་བྱེད་སའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལྟེ་གནས་ཀྱི"བར་སྣང་དང་ས་ངོས"གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་གིས་ཉིན་ཧྲིལ་བོར་ས་གཞི་འདིར་གཟབ་ཉན་བྱས་ནས་བསྡད་ཡོད།
2018ལོར་ལས་ཀར་ཞུགས་མ་ཐག་ནས་ཝང་ཡུའེ་ཡིས་ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་གྱི་ཐོག་མའི་དུས་རིམ་ལ་བདེན་དཔང་བྱས་ཡོད་ལ།"དེ་དུས་མིའི་སྐོར་ཞིབ་དང་པར་ཆས་བཀོལ་སྤྱོད་བྱེད་པ་ཅུང་མང་ལ། གཞི་གྲངས་བསྡུས་པ་ཅུང་དལ་ཞིང་རྨོངས་ཁུལ་ཡང་ཅུང་མང་།"
དེང་སྐབས། གསལ་ཚད་མཐོ་བའི་འཁོར་སྐར་རྒྱང་ཚོར་དང་མི་མེད་སྐོར་སྐྱོད། དམར་ཕྱིའི་འོད་ཀྱི་པར་ཆས་དྲ་རྒྱ། དུས་ལྟར་བརྙན་རིས་ཕྱིར་བརྒྱུད་སྤྲོད་བྱེད་པ་སོགས་ཀྱིས་གཙང་གསུམ་འབྱུང་ཡུལ་ཧྲིལ་བོ་ཁེབས་པའི"སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲ་རྒྱ"གྲུབ་ཡོད།
འཆར་ངོས་ཆེན་མོ་བརྒྱུད་ནས་ཝང་ཡུའེ་ཡིས་ལེ་བར་སྟོང་གི་ཕྱིའི་དུས་མཉམ་གྱི་བརྙན་རིས་མཐོང་བ་སྟེ། ཆུ་དམར་འགྲམ་ངོགས་སུ་གཙོད་འགས་ལམ་ཆེན་གཅོད་ཀྱིན་ཡོད་ལ། ཆུ་དམར་ལེབ་རྫོང་གི་བྲག་རིའི་སྟེང་དུ་གཉན་ཞིག་གིས་ངལ་གསོས་འདུག མཚོ་སྐྱ་རེངས་ཀྱི་ངོས་སུ་མཐོ་སྒང་གི་སྔོ་ཞིང་བསང་བའི་ནམ་མཁའ་འཆར་ཡོང་།
ཁོའི་སེམས་སུ་བག་ཆགས་ཆེས་ཟབ་པ་ནི2019ལོ་ཡིན་ལ། ཁོ་ཚོས་ཨ་ཆེན་གངས་རྒྱབ་ཀྱི་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ལྗོངས་ཕྱིའི་རྒྱང་བསྟེན་དམར་ཕྱིའི་འོད་ཀྱི་བརྙན་རིས་མ་ལག་དང་པོ་བཙུགས་ནས། དེ་དང་ཉེ་བའི་སྤྱི་ལེ་གྲུ་བཞི་མ600ཡི་ཁྱབ་ཁོངས་སུ་ཉིན་མཚན་མེད་པར་ལྟ་རྟོག་བྱེད་བཞིན་ཡོད་ལ། དེ་ནི་མེད་པ་ནས་ཡོད་པའི་བར་གྱི་ཐོལ་བརྒལ་ཅིག་ཡིན།
དེའི་རྗེས་སུ་སྨུག་པ་ལ་སྒང་དང་གཙོད་གནས་མཚོ། མཚོ་སྐྱ་རེངས་སོགས་སུའང་བརྙན་རིས་བརྙན་མིག་བཙུགས། ལྷག་པར་གཙོད་ཀྱི་ཕྲུ་གུ་སྐྱེ་བའི་དུས་ཚིགས་སུ་མ་ལག་འདིས་གནད་འགག་གི་བྱེད་ནུས་འདོན་བཞིན་ཡོད།
ད་ལོར་ཝང་ཡུའེ་ཡིས་བརྙན་མིག་བརྒྱུད་ནས་གཙོད་གནས་མཚོའི་ཉེ་འགྲམ་དུ་ཕྲུ་གུ་སྐྱེ་རན་པའི་གཙོད་ཁྱུ་ཞིག་འབྱོར་བ་མཐོང་བ་དང་སྐྱ་རེངས་གསལ་མ་ཐག་གར་སོང་ཆ་མེད་དུ་གྱུར། རྩ་ཆེ་བའི་གཞི་གྲངས་འདི་དག་གིས་གཙོད་ལ་ཞིབ་འཇུག་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས།
མི་རྣམས་དགའ་འོས་པ་ཞིག་ནི། གཙོད་གནས་མཚོ་སྲུང་སྐྱོབ་ས་ཚིགས་ཁུལ་ལ5Gབརྡ་རྟགས་ཁྱབ་པ་དང་བསྟུན་ནས། མི་མེད་ལུང་སྟོང་འདི་ཕྱི་ཕྱོགས་དང་དུས་ཐོག་ཏུ་སྦྲེལ་མཐུད་བྱས་ལ། གཙོད་ཕྲུག་སྐྱེ་བའི་གཟུགས་བརྙན་དྲ་ལམ་དུ་བསྟར་པ་དང་། མི་ཁྲི་སྟོང་མང་པོས་བརྙན་ལམ་བརྒྱུད་དེ་གཙོད་རྣམས་གནས་སྤོར་བའི་བརྙན་རིས་ལ་ལྟ་ཐུབ།
ཝང་ཡུའེ་ཡིས་བཤད་རྒྱུར། བརྟག་དཔྱད་ཀྱི་ལག་རྩལ་སྔོན་ཐོན་ཡིན་པས། སྲུང་སྐྱོབ་ཀྱང་སྔར་ལས་གནད་དུ་འཁེལ་ཡོད། མིག་སྔར་གཙང་གསུམ་འབྱུང་ཡུལ་དུ་བར་སྣང་གི་ལྟ་ཞིབ་ས་ཚིགས20ཙམ་བསྐྲུན་ནས“བར་སྣང་དང་ས་ངོས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་རྣམ་པ་རགས་ཙམ་ཆགས་ཡོད།
ཁོ་དང་ལས་གྲོགས་ཚོས་ལག་བསྟར་བྱེད་བཞིན་པའི་རིག་གྲངས་ཀྱི་སྲུང་སྐྱོབ་རྣམ་གྲངས་ཏེ་གསའ་དང་གཙོད་ལ་ཆེད་དམིགས་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད་དུ། ཚན་རྩལ་ལ་བརྟེན་ནས་སྲུང་སྐྱོབ་དེ་སྔར་ལས་རིག་ནུས་ཅན་དང་ཕན་ནུས་ཅན། གཏིང་ཟབ་ཅན་བཅས་སུ་འགྱུར་བཞིན་ཡོད།
2016ལོར་གཙང་གསུམ་འབྱུང་ཡུལ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་དང་པོར་གྱུར་པ་དང་། 2021ལོར་གཙང་གསུམ་འབྱུང་ཡུལ་དེ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཚུན་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་སྐོར་དང་པོར་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན།“གལ་ཆེའི་ནང་གི་འགངས་ཆེན་ནི་གཙང་གསུམ་འབྱུང་ཡུལ་གྱི‘ཀྲུང་ཧྭའི་ཆུ་ལྕོག’ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ཆུ་ཁུངས་གསོག་འཛིན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཡིན”།
ད་ལྟ། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་དེ།
ཉེ་བའི་ལོ་ལྔའི་རིང་། གཙང་གསུམ་འབྱུང་ཡུལ་གྱི་ཆུ་དང་བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ309འཕར་སྣོན་བྱུང་སྟེ། ལོ་རེར་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600དྲངས་ཡོད།
གཙོད་ཀྱི་གྲངས་འབོར་ཁྲི7ལྷག་ཏུ་ཇེ་མང་དུ་ཕྱིན་པ་དང་། གསའ1000ལྷག་ཡོད་པ་དང་། རྐྱང་ཁྲི3.6ཡོད། གཟིག་ཁྲ་དང་གཡུ་དཀར་སོགས་སྲོག་ཆགས་རྩ་ཆེན་ལའང་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད།
འབྲོག་པ་ཁྲི1.7ལྷག་སྐྱེ་ཁམས་དོ་སྲུང་པར་གྱུར་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།
རྒྱལ་ཁབ་སྤྱི་གླིང་ནི་རང་བྱུང་གི་མཐོ་སྒང་ཡིན་པ་མ་ཟད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་དབྱིབས་ཀྱང་ཡིན།
འབྲོག་དམངས་གནས་སྤར་ནས་ཁྱིམ་གཞིས་བསྐྲུན་པ་ནས། བདག་སྲུང་པས་རི་སྐྱེས་སྲོག་ཆགས་ལ་བཟོད་སྒོམ་བྱེད་པའི་བར་དང་། དེ་ནས་ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བར་དུ། གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་ནི་རིམ་པ་མང་བ་དང་། ལངས་གཟུགས་ཅན། དམངས་ཡོངས་ཟབ་ཞུགས་བྱེད་པའི་རྒྱུན་མཐུད་འགུལ་སྐྱོད་ཅིག་རེད། དེ་ནི་རིག་གནས་སྲོལ་རྒྱུན་ཁྲོད་ཀྱི་གོང་བཀུར་རེད་ལ། དུས་རྒྱུན་འཚོ་བའི་ཁྲོད་ཀྱི་གདམ་ཀ་ཡིན་པར་མ་ཟད། ཚན་རྩལ་དང་ལམ་ལུགས་ཀྱི་གསར་སྐྲུན་ཐེངས་ཤིག་ཀྱང་རེད།
འདི་ལས་ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཁྱད་ཆོས་མངོན་གསལ་མཚོན་ཡོད་དེ། མི་དང་རང་བྱུང་ཁམས་ནི་ཁ་བྲལ་འགལ་ཟླ་མིན་པར་མཉམ་སྐྱེས་མཉམ་དར་ཡིན་པ་དང་། སྲུང་སྐྱོབ་ནི་འཚོ་ཚིས་འཕྲོག་པ་མིན་པར་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་བསྐྱར་སྐྲུན་བྱེད་པ་ཡིན་པ་དེ་ཡིན།
ཧྲང་ཧེ་གྲོང་ཁྱེར་ཁྲུང་མེན་ཆུས་འབྲི་ཆུ་སློབ་གྲྭའི་ར་སྐོར་དུ། བྱིས་པ་རྣམས་ཀྱིས་རང་སེམས་ཀྱི་གཙང་བོའི་མགོ་ཁུངས་ཀྱི་གངས་རི་དང་གཙོད་རི་མོར་འབྲི་བཞིན་མཆིས།
ཟོ་སྐྱ་ཡུལ་ཚོའི་རྩྭ་ཐང་དུ། བྱིས་པ་རྣམས་ཀྱིས་མཛུབ་མོ་ཤར་ཕྱོགས་སུ་ཀེར་ནས།"འབྲི་ཆུ་ངའི་གྲོགས་པོའི་སློབ་གྲྭའི་ཕྱོགས་སུ་བཞུར་བཞིན་ཡོད"ཅེས་གླེང་བཞིན་འདུག
ཁོ་ཚོ་ཕལ་ཆེར་ངོ་འཕྲད་མ་མྱོང་ནའང་། གཙང་ཆབ་གཅིག་གི་རྐྱེན་གྱིས། ལས་དབང་གཅིག་པའི་སྲུང་སྐྱོབ་པ་རུ་གྱུར་ཡོད།
ཁྱོད་རང་འབྲི་ཆུའི་སྟོད་དུ་ཡོད། ང་རང་འབྲི་ཆུའི་སྨད་དུ་ཡོད། ང་ཚོས་ཆུ་བོ་གཅིག་མཉམ་དུ་འཐུང་བཞིན། མ་ཡུམ་གཙང་བོ་འདིར་མཉམ་དུ་སྲུང་སྐྱོབ་བྱེད་བཞིན་ཡོད། གཙང་ཆུའི་མགོ་ཁུངས་སུ་ཁ་བ་ཞུ་ནས་ཆུ་ལ་འདྲེས་ཤིང་། དེ་ནས་རྒྱ་མཚོར་བཞུར་ནས་རླབས་རྒྱུན་དུ་འཐིམ་སོང་།
མ་གཞིར་དེ་ནི་ཆེས་བརྩེ་བ་ཟབ་མོའི་སྲུང་སྐྱོབ་བྱེད་སྟངས་ཤིག་རེད། །