ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་དུ་མཇུག་བསྒྲིལ། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ལུས་རྩལ་འགྲན་ཚོགས་མཇུག་བསྒྲིལ་པ་ཁྱབ་སྒྲོག་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲུན་ཅེ་ཝའེ་ཚོགས་འདུར་ཞུགས།
ཆུ་ཚོད15དུས་སུ། ཐུན་རེན་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ཁང་དུ་གླུ་གར་འཁྲབ་སྟོན་གྱི་སྤྲོ་དགས་ཁེངས་ཡོད། རང་ཞིང་གི་ས་གནས་སོ་སོ་ནས་ཡོང་བའི་མི་རིགས་ལུས་རྩལ་པ་དང་ལུས་རྩལ་དགེ་རྒན། སྐུ་མགྲོན་རྣམས་ལྷན་གཅིག་ཏུ་འཛོམས་ཡོད། མཇུག་སྒྲིལ་མཛད་སྒོའི་ཐོག《མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུས་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པར་ཞུགས་པའི་འཐུས་མི་ཚོགས་པའི་ཀུན་སྤྱོད་སྲོལ་བཟང་དཔང་རྟགས་ཐོབ་པའི་མིང་ཐོ》སྒྲོག་འདོན་བྱས་པར་མ་ཟད་གཟེངས་རྟགས་ཀྱང་བསྩལ།
ས་གནས་སོ་སོས་སྙན་ཞུ་བྱས་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ཕྱོགས་བསྡུས་དཔྱད་དཔག་བྱས་པ། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱིས་གྲོས་ཞིབ་གྲོས་འཆམ་བྱུང་བར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་བགོས་མགོ་ཁྲིད་ལ་ཡར་ཞུ་བྱས་ཤིང་མོས་མཐུན་བྱུང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ2029ལོར་ཟི་ལིང་གྲོང་ཁྱེར་དུ་སྤེལ་རྒྱུ་རེད། མཇུག་སྒྲིལ་མཛད་སྒོའི་ཐོག ཧྲིན་ཀྲང་གཞོན་པ་ཁྲུན་ཅེ་ཝའེ་ཡིས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་རོགས་སྒྲུབ་བྱེད་མཁན་ཟི་ལིང་གྲོང་ཁྱེར་གྱི་འཐུས་མི་ལ་ཚོགས་དར་བརྒྱུད་སྤྲོད་བྱས།
ལུས་རྩལ་འགྲན་ཚོགས་སྐབས་སུ། འཐུས་མི་ཚོགས་པ་སོ་སོ་དང་མི་རིགས་ལུས་རྩལ་པ་སོ་སོ་རྨ་ལྷོ་ལ་ལྷན་དུ་འཛོམས་ཤིང་། ངོ་མཚར་ངོམས་པ་དང་སྒེག་ཉམས་བསྟན་པ། འབྲེལ་འདྲེས་ལས་བརྩེ་བ་སྐྱེད་པ། ཕན་ཚུན་ལ་སློབ་སྦྱོང་བྱས་པ། རང་ཉིད་ལ་འགྲན་སློང་ཐོད་བརྒལ་བྱས་ནས། མི་རིགས་སོ་སོའི་རིག་གནས་ཀྱི་ངོ་མཚར་སྣ་མང་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་མཛེས་སྡུག་ཚད་མེད་ངོམས་པ་དང་། མི་རིགས་སོ་སོའི་ལུས་རྩལ་པའི་འབད་བརྩོན་ཧུར་ཐག་དང་མཐུན་སྒྲིལ་མཐུན་སྦྱོར་མཉམ་ལས་ཀྱི་བསམ་པའི་ཉམས་འགྱུར་ངོམས་པ། མི་རིགས་སོ་སོས་ཕན་ཚུན་རྟོགས་པ་དང་བརྩེ་བ་དང་འབྲེལ་བ་བཅས་ཀྱི་མཛའ་གཅུགས་བརྩེ་བ་ཟབ་མོ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཚུལ་ངོམས་ཤིང་། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་བསྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་གཞི་གདངས་རོལ་དབྱངས་མཉམ་དཀྲོལ་བྱས།
མཇུག་སྒྲིལ་མཛད་སྒོའི་ཐོག་གླུ་གར་འཁྲབ་སྟོན་གྱིས་འགྲན་སྡུར་ལ་ཕུན་སུམ་ཚོགས་པའི་རྫོགས་རྟགས་ཡིད་དུ་འོང་བ་ཞིག་བྲིས། །