ཀྲུང་གོ་བོད་ཀྱི་དྲ་བ།

"གཡང་མདའ་རྟགས་མའི"རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་བརྒྱད་པ་ཟླ9པའི་ཚེས5ཉིན་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན། གསར་འགོད་པས"གཡང་མདའ་རྟགས་མའི"རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་སྡུར་སྐབས་བརྒྱད་པ་དང་མདའ་སྟོན་རིག་གནས་བྱ་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རྒྱལ་སྤྱིའི་འགྲན་སྡུར་དེ་ཟླ9པའི་ཚེས5ཉིན་ནས་ཚེས10ཉིན་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་སྤེལ་རྒྱུ་རེད། སྐབས་དེར། རྒྱལ་ཁབ25ནས་ཡོང་བའི་རུ་ཁག25དང་། ཞིང་ཆེན་དང་ས་ཁུལ20ནས་ཡོང་བའི་རུ་ཁག20། ཞིང་ཆེན་ནང་ཁུལ་གྱི་རུ་ཁག100བཅས་ཀྱི་འགྲན་ཞུགས་པ2300འགྲན་སྡུར་ཁྲོད་ཞུགས་ཏེ། མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གྱི་འགུག་ཤུགས་མཉམ་དུ་མངོན་པར་སྟོན་རྒྱུ་རེད།

སྐབས་འདིའི་འགྲན་སྡུར་གྱི་བརྗོད་དོན་ནི"ལུས་རྩལ་འགྲན་སྡུར་གྱི་བླ་སྲོག་དར་སྤེལ་གཏོང་བ་དང་མདའ་མོ་གཡང་རྫོང་གི་རིག་གནས་ཉམས་འགྱུར་འགྲེམ་སྟོན་བྱེད"ཅེས་པ་ཞིན་ཞིང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གུང་གཅན་ཚ་རྫོང་ཨུ་ཡོན་ལྷན་ཁང་དང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་པ་རེད། འགྲན་སྡུར་ལ་མདའ་འཕེན་ར་བ11དང་མདའ་ལམ16སྤྱོད་མགོ་རྩོམ་རྒྱུ་དང་། གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གྱི་སྒྲིག་སྲོལ་སྤྱོད་རྒྱུ་རེད། སྲོལ་རྒྱུན་རྭ་གཞུ་མི20ཅན་དང་། མཉམ་འདུས་གཞུ་མི20ཅན། གཞུ་འཁོར་ལོ་མ་མི20ཅན། སྲོལ་རྒྱུན་རྭ་གཞུ་མི5ཅན་སོགས་ཀྱི་རྣམ་གྲངས4བཀོད་སྒྲིག་བྱས་ཡོད། ངོ་མཚར་ཆེ་བའི་མདའ་འཕེན་འགྲན་སྡུར་ཕུད། བྱ་འགུལ་སྐབས་སུ་ད་དུང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཏེ་མདའ་སྟོན་གྱི་འགྲེམ་སྟོན་ཉམས་ལེན་དང་། འགྲན་ཞུགས་རུ་ཁག་གི་ཁྲོམ་གཞུང་སྐོར་སྐྱོད་འཁྲབ་སྟོན། མགོ་རྩོམ་མཛད་སྒོ། མཇུག་བསྡུ་བའི་མཛད་སྒོ། བྱ་དགའ་གནང་བའི་མཛད་སྒོ་སོགས་ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། སྐབས་གསུམ་པའི་གཡང་མདའ་རྟགས་མའི་རོལ་དབྱངས་དུས་ཆེན་དང་། སྣམ་བུའི་གྱོན་ཆས་འགྲེམ་སྟོན། དམངས་ཁྲོད་ལ་གཞས་འགྲན་སྡུར་ཆེན་མོ། གཅན་ཚའི་སྐོར་བྲོ་འཁྲབ་སྟོན་སོགས་ཀྱི་རིག་རྩལ་བྱ་འགུལ་སྤེལ་རྒྱུ་རེད།

གཅན་ཚ་རྫོང་ནི་རྒྱལ་ཡོངས་གྱི"ཀྲུང་གོའི་མི་རིགས་མདའ་འཕེན་ལུས་རྩལ་གྱི་ཕ་ས"གཅིག་པུ་ཡིན་པའི་ཆ་ནས།"གཡང་མདའ་རྟགས་མའི"འགྲན་སྡུར་བདེ་བླག་ངང་སྐབས་བདུན་ལ་རྩ་འཛུགས་བྱས་པ་བརྒྱུད། ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་རིམ་པ་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བའི་འགྲན་བསྡུར་གྱི་གྲས་ཤིག་ཏུ་གྱུར་ནས། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་གྱི་འཛམ་གླིང་གི་ཟོང་རྟགས་ཤིག་ཏུ་གྱུར་ཡོད། ཐེངས་འདིའི་འགྲན་སྡུར་དེ་གཅན་ཚའི་གྲུབ་འགྲས་འགྲམ་སྟོན་དང་། ཕྱི་ཕྱོགས་ཀྱི་སྣང་བརྙན་ཇེ་མཐོར་གཏོང་བ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྒེའུ་ཁུང་ཞིག་ཏུ་གྱུར་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་རིག་གནས་དང་ས་ཁོངས་ཁྱད་ཆོས་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་པ་འགྲན་སྡུར་ཁྲོད་ཞུགས་པ་དང་། ཡུལ་སྐོར་བས་ལྟ་སྐོར་བྱེད་པ། ཚོང་བས་མ་དངུལ་གཏོང་བ་བཅས་ཀྱི་ཡིད་དབང་འགུག་ནས། གཅན་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་མཚན་སྙན་གྲགས་ཇེ་ཆེར་བཏང་ནས། མདའ་མོ་གཡང་གི་ཕ་སའི་མིང་གྲགས་ཕྱོགས་ཀུན་ལ་ཁྱབ་ཏུ་འཇུག་རྒྱུ་རེད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། : མཁའ་མཚོ་སྐྱིད།